<p class="ql-block">༄༅༎ དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ།</p><p class="ql-block"> གངས་ཅན་ཡི་གེ་བྱེད་པོ་ཐོན་མི་སམ་བྷོ་ཊ་ལ་བཀའ་དྲིན་གསོལ་ཞིང་གུས་འདུད་ཞུ། ན་མོ་གུ་རུ་སམ་བྷོ་ཊ་ཡ། བཅོམ་ལྡན་འདས་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་ གསལ་བས། ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་དཀར་གླེགས་བམ་འཛིན། གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐུམ་སྡུག་བསྔལ་གྱིས་གཟིར་བས། འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང་།འབྲུག་ལྟར་ཆེར་སྒྲོག་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་སྒྲོལ་མཛད་ཅིང་། མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས།གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ། བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲོས་བདག་བློའི་མུན་སེལ་འཇམ་དཔལ་དབྱངས་ལ་འདུད། ༀ་ཨ་ར་པ་ཙ་ན་ངྷི་ཧཱུྃ།༼ ལན་གསུམ།༽ བརྩེ་ལྡན་ཁྱེད་ཀྱི་མཁྱེན་རབ་འོད་གསལ་གྱིས།། བདག་བློས་གཏི་མུག་མུན་པ་རབ་གསལ་ནས།། བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡིས།། བློ་གྲོས་སྤོབས་པའི་སྣང་བ་བསྐྱེད་དུ་གསོལ།། སེམས་ཅན་རྣམས་ཀྱི་བསམ་པ་དང་།། བློ་ཡི་བྱེ་བྲག་ཇི་ལྟ་བར།། ཆེ་ཆུང་ཐུན་མོང་ཐེག་པ་ཡི།། ཆོས་ཀྱི་འཁོར་ལོ་སྐོར་དུ་གསོལ།། ཤེས་བྱ་ཐམས་ཅད་གཟིགས་པས་སྤྱན་ཡང་བསྐྱེད།། འགྲོ་ཀུན་དགེ་ལེགས་སྒྲུབ་པའི་ཐུགས་རྗེ་ཅན།། བསམ་ཡས་འཕྲིན་ལས་མཛད་པའི་སྟོབས་མངའ་བ།། འཇམ་མགོན་བླ་མའི་ཞབས་ལ་གུས་ཕྱག་འཚལ།།</p><p class="ql-block"><br></p>