༢༠༢༡ལོའི་ཟླ༣པའི་ཚེས༡༡ཉིན་གྱི་དགོང་མོའི་ཆུ་ཚོད་བདུན་གྱི་སྟེང་དུ་སློབ་གྲྭའི་ཚོགས་འདུ་ཁང་ནས་སྐབས་དགུ་བའི་གངས་འདབས་ཀྱི་སེམས་པ་ཞེས་པའི་བགྲོ་གླེང་ཚོགས་འདུ་གཟབ་རྒྱས་ངང་འཚོགས། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་རང་རེའི་སློབ་གྲྭའི་སྲོལ་རྒྱུན་ལྟར་མཐོ་གཉིས་སྡེ་ཁག་གིས་གཙོ་སྒྲུབ་མཛད་ཅིང་། སྐད་ཡིག་དགེ་རྒན་ཡོངས་ཟུར་ཞུགས་སྒོས་འཚོགས་པ་རེད།

རང་རེའི་སློབ་གླིང་གི་སློབ་མའི་བྱ་སྤྱོད་དང་གཤིས་རྒྱུད་སྐོར་གླེང་པ་ཞེས་པའི་བརྗོད་གཞིའི་སྟེང་ནས། འཛིན་གྲྭ་སོ་སོའི་ཚབ་བྱེད་མི་སྣས་རང་གི་དྲན་སྣང་དང་རང་རེའི་སློབ་གྲྭའི་སློབ་མ་རྣམས་ཀྱི་དངོས་ཡོད་གནས་ཚུལ་ལ་སྦྱར་ནས་དགེ་རྒན་ལ་བརྩི་བཀུར་ཇི་ལྟར་བྱེད་པ་དང་། སློབ་གྲོགས་བར་ལ་མཐུན་སྒྲིལ་བྱེད་སྟངས། སྐད་ཆ་ཤོད་སྟངས། ལྭ་བ་ཚད་ལྡན་ཇི་ལྟར་གྱོན་པ་སོགས་ཀྱི་ཐད་ནས་རང་ཉིད་ཀྱི་བསམ་ཚུལ་གླེང་བ་རེད།

མཐར་སློབ་གཙོ་སངས་རྒྱས་བཀྲ་ཤིས་ལགས་ཀྱིས། གླེང་གཞི་འདིའི་ཐད་ནས་སློབ་མ་རྣམས་ལ་གཤིས་ཀ་ཡག་པོས་སློབ་སྦྱོང་ལ་བརྩོན་དགོས་པའི་རེ་སྐུལ་དང་བཅས་ཕྱོགས་སྡོམ་མཛད་པ་རེད།

དེ་མཐུད་དེ་ཕ་སྐད་མ་ཡིག་ལ་བཟུང་བའི་རྣམ་འགྱུར་ཞེས་པའི་གླེང་གཞིའི་སྟེང་ནས་སློབ་མ་སོ་སོས་སྐད་ཡིག་སྲོག་རྩར་འཛིན་དགོས་པ་དང་། སྐད་ཡིག་སྦྱོང་དགོས་པའི་གལ་ཆེན་རང་བཞིན། མི་རིགས་ཤིག་གནས་ཐུབ་པའི་རྒྱུ་གཙོ་བོ་ཡིན་པ་སོགས་ཀྱི་གནས་ལུགས་དང་། རང་རེའི་སློབ་གྲྭའི་སློབ་མ་རྣམས་ཀྱི་གནས་བབ་གཞིར་བཟུང་ནས་ཕྱིན་ཆད་བརྩོན་པ་བྱ་དགོས་པའི་ཐད་ནས་བགྲོ་གླེང་བྱས།

སློབ་གཙོ་ཏིང་འཛིན་བཀྲ་ཤིས་ལགས་ཀྱིས་སྐད་དང་ཡི་གེ་ལ་བཟུང་བའི་རྣམ་འགྱུར་ཐད་ནས་རང་རེའི་སློབ་གྲྭའི་གནས་བབ་ལ་གཞིགས་ཏེ་རང་སྐད་གཙོ་བོར་འཛིན་དགོས་པའི་རེ་སྐུལ་དང་བཅས་ཕྱོགས་སྡོམ་མཛད།

མཇུག་ཏུ་སྐད་ཡིག་སློབ་དཔྱོད་ཁང་གི་ཚན་གཙོ་དཀའ་ཐུབ་ཐར་གྱིས་བགྲོ་གླེང་དང་འབྲེལ་ནས་ཕྱོགས་སྡོམ་གྱི་ཚུལ་དུ་སྐད་ཡིག་ནི་མི་རིགས་ཤིག་གི་བླ་སྲོག་ལྟ་བུ་ཡིན་པ་ཤེས་ཤིང་། རང་གི་ཕ་སྐད་ལ་རྣམ་འགྱུར་ལེགས་པོ་འཛིན་པ་དང་། ལངས་ཕྱོགས་བརྟན་པོས་སྦྱོང་དགོས་པའི་སྐུལ་མ་དང་བཅས་བགྲོ་གླེང་གི་མཇུག་བསྡུས་པའོ།།

ལྟ་སྐུལ་བ། སངས་རྒྱས་བཀྲ་ཤིས། ཏིང་འཛིན་བཀྲ་ཤིས།

རྩོམ་སྒྲིག་འགན་ཁུར་བ། དཀའ་ཐུབ་ཐར།