༄༅། །ཉ་བྲག་དགོན་པའི་

ར་རྩག་མཆོད་རྟེན་གྱི་ལོ་རྒྱུས་གསལ་བའི་སྒྲོན་མེ་བཞུགས་སོ། །

( དཔལ་ལྡན་ས་སྐྱ་ཉ་བྲག་དགོན )

( དུས་གསུམ་མཁྱེན་པའི་སྐུ་ང་འདྲ་མ )

དྲི་མེད་མཁྱེན་པའི་ནམ་མཁའི་དཀྱིལ་འཁོར་ལ། །དམིགས་མེད་བརྩེ་བའི་ཐུགས་རྗེའི་ཉི་མ་ཤར། །ཐོགས་མེད་ནུས་པའི་འོད་ཟེར་ཕྱོགས་ཀུན་ཁྱབ། །དུས་གསུམ་མཁྱེན་པ་ཀརྨ་པ་ལ་འདུད། །ཞེས་མཆོད་པར་བརྗོད་དེ། ར་རྩག་མཆོད་རྟེན་གྱི་ལོ་རྒྱུས་བཤད་པ་ལ་ཐོག་མཐའ་བར་གསུམ་ལས། ཐོག་མར་དང་པོ་ས་གནས་བཤད་པ་ནི། བྱིན་རླབས་ཀྱི་གཟི་བརྗིད་འོད་སྟོང་འབར་བའི་མཆོད་རྟེན་ཡོད་པའི་ས་ཆ་འདི་ནི།

( ཧོར་བེ་རི་འམ་གསེར་མཁར་གྱི་ཡུལ་ལྗོངས )

བོད་ཆོལ་ཁ་གསུམ་གྱི་ཡ་གྱལ། སྨད་མདོ་ཁམས་སྒང་དྲུག་གི་ནང་གསེས། འབྲུ་ཟླ་ཟབ་མོ་སྒང་གི་ཁོངས་སུ་གཏོགས་པའི་ཧོར་བེ་རིའི་ས་ཆ། ཏྲེ་ཤོད་གནས་མཆོག་བཀའ་སྲུང་ལྷ་མོ་ཕུག་གི་གནས་རི། དེ་ཡང་དུས་མཁྱེན་གྱིས་ལྷ་མོ་སྒྲུབ་གནས་ཡིན་པ་འདྲ། གནས་ཡིག་ནང་། བཀའ་སྲུང་ལྷ་མོ་ཕུག་ཏུ་དབང་གི་ལྷ་མོ་སོགས་རྫུ་འཕྲུལ་ལས་ཀྱི་མཁའ་འགྲོ་མ་སྤྲིན་བཞིན་དུ་འདུས། བྲག་རི་མེ་དཔུང་འཁྱིལ་བ་འདྲ་བ་ལ་བཀའ་སྲུང་ལྷ་མོའི་རང་བྱོན་ཡོད། གསུངས་པ་དེ་དུས་མཁྱེན་ལ་ཞལ་གཟིགས་པའི་ལྷ་མོ་དེ་ཡིན་ནམ་སྙམ་མོ། །ཨ་མྱེ་རི་རག་གི་ཉེར་འདབས་དང་ཉ་བྲག་དགོན་པའི་ནུབ་བྱང་མཚམས་སུ་ཡོད་པ་ཡིན་ནོ། །

( དཀར་མཛེས་གནས་ཀྱི་གཙུག་རྒྱན་ར་རྩག་སྟེང )

དེང་སང་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ། དཀར་མཛེས་རྫོང་ནས་ལེ་བར་༡༣་ལ་རླངས་འཁོར་སྐར་མ་༡༧་དང་། གེ་སར་གནམ་གྲུ་ཐང་ནས་ལེ་བར་༤༤་ལ་རླངས་འཁོར་སྐར་མ་༤༨་ཀྱིས་གསེར་མཁར་ཤང་གི་གཡོན་ཕྱོགས་སུ་རྩག་སྟེང་ལ་སླེབས་པ་ཡིན། །ས་གཤིས་ཀྱི་མཐོ་ཚད་ལ་རྒྱ་མཚོ་ངོས་ནས་སྨི་༣༥༣༡་ཡོད་དོ། །

( མཐོང་བ་དོན་ལྡན་གྱི་ར་རྩག་མཆོད་རྟེན )

བར་དུ་མཆོད་རྟེན་དངོས་བཤད་པ་ལ་གསུམ་ལས། དང་པོ་མཆོད་རྟེན་བྱུང་ཚུལ་ལ་བཤད་ཚུལ་གཉིས་ཏེ། དང་པོ་ནི་ཏྲེ་ཀམ་ཁྱིམ་ཚང་ངམ་འབོ་མཆོག་ཚང་གི་གཡོག་མོ་མ་ཡུམ་དེ་ལ། ཁྱིམ་ཚང་གི་བུ་ཡི་ཕྲུ་གུ་ཕོ་བ་ནང་ཡོད་དུས། གཞན་པའི་ཕྲག་དོག་དབང་གིས་འདུག་མ་བདེ་ནས། ར་རྩག་སྟེང་ལ་ཡང་ནས་ཁྱིམ་ཚང་ཞིག་ལ་ར་རྫི་བཞུགས། དུས་སྐབས་སུ་ནག་བརྒྱ་ཁུག་བྲག་ཕུག་གམ་ཡང་ན་ར་རྩག་སྟེང་ལ། སྤྱི་ལོ་༡༡༡༠་ལོར་དུས་མཁྱེན་སྐུ་འཁྲུངས་ནས། དགུང་ལོ་༡༡་ལ་ཡབ་ལས་དབང་དང་མན་ངག་གསན་པ་མ་ཟད། བསྒོམས་ནས་གྲུབ་པའི་རྟགས་མཚན་ནགས་བརྒྱ་ཁུག་ལ་ཞབས་ཕྱག་གིས་རྗེས་སོགས་བཞག །དེའི་ཚེ་འདུ་རུའི་གྲོང་ན་ཡབ་ཡུམ་གྱི་སྐུ་དགྲ་ཚར་གཅོད། དུས་སྐབས་སུ་འཁྲུགས་པ་ཆེ་བའི་དབང་གིས། ཕ་ཡབ་ཀྱི་ཁྱིམ་ཏྲེ་ཀམ་ཁྱིམ་ཚང་ངམ་སྤོ་ཆུ་ཚང་ལ་གནས་སྤོ་བ་ཡིན། ཁྱིམ་ཚང་ལ་དེང་མིང་འབུམ་མཆོག་གམ་འབོ་མཆོག་ཞེས་ཀྱང་གྲགས། ཕྱིས་སུ་སྤྱི་ལོ་༡༡༦༡་ལོར་དུས་མཁྱེན་གྱིས་འཁྲུགས་པ་སླར་བསྡུམས་པའི་ཕྱིར་དུ། ར་རྩག་སྟེང་ལ་དབྱེན་སྡུམ་མཆོད་རྟེན་གཅིག་དང་། འབོ་མཆོག་ལ་ཕ་ཡབ་ཀྱི་སྐུ་གདུང་གི་ཁང་བུ་བརྩེགས་པའི་མཆོད་རྟེན་བཞེངས་པ་རེད་ཅེས་བཤད་སྲོལ་དང་ཡིག་ཆ་འགའ་རེ་འདུག་གོ། །

( ཁང་པའི་ནང་དུ་གནའ་དུས་ནས་་ཡོད་པའི་དུས་མཁྱེན་གྱི་སྐུ )

གཉིས་པ་ནི། ཡང་གྲགས་མཆོད་རྟེན་བྱུང་ཚུལ་ནི། པདྨ་འབྱུང་གནས་ཀྱི་ལུང་གིས་བསྔགས་པའི་མེ་ཏོག་ཐོར་བའི་ཡུལ། ཏྲེ་ཤོད་པདྨ་ལྷ་རྩེའི་གནས་རི། སྤོ་ཆུ་ལྷ་ལྡོང་དཀར་པོ་འམ་དེང་མིང་འབོ་མཆོག་གྲོང་ན། སྤྱི་ལོ་༡༡༡༠་ལོར་སངས་རྒྱས་ཀྱི་ལུང་གིས་ཟིན་པའི་སྐྱེ་མཆོག་དམ་པ། ཀརྨ་པ་དུས་གསུམ་མཁྱེན་པ་བཀྲ་ཤིས་དགེ་མཚན་དང་ལྡན་པའི་སྒོ་ནས། སྐུ་མཚན་དཔེ་གྱི་མེ་ཏོག་གསར་དུ་བཞད། ཆུང་དུས་དགུང་ལོ་༡༡་ནས་ཡབ་ལས་དབང་དང་མན་ངག་གསན་པ་མ་ཟད། བསྒོམས་ནས་གྲུབ་པའི་རྟགས་མཚན། སྐྱེ་ཡུལ་སོགས་ཀྱི་རྡོ་ལ་ཞབས་ཕྱག་གི་རྗེས་རྣམས་ཀུན་གྱིས་ཡིད་དབང་འཕྲོག་པ་བཞག །དེའི་ཚེ་འདུ་རུའི་གྲོང་ན་ཡབ་ཡུམ་གྱི་སྐུ་དགྲ་ཚར་གཅོད་བྱེད་ཅིང་ནུས་མཐུ་ཆེ་བའི་སྙན་གྲགས་ཐོབ། དེའི་དུས་སུ་ཁྱིམ་མི་རྣམས་ཀྱིས་ཀརྨ་པ་ཁྱིམ་ལ་བཞུགས་ན་སྲོག་ལ་ཉེར་ཚབས་ཆེ་བའི་དོགས་པ་དང་། གཡོག་མོ་གནའ་མ་བྱེད་པ་བློ་མི་མཐུན་པའི་སྐབས་སུ། དཔལ་ལྡན་ལྷ་མོས་ཡབ་སྲས་གཉིས་ལ་འགྲོ་དགོས་པའི་ལུང་སྟོན་གནང་། དེ་ནས་ཁྱིམ་མི་རྣམས་ཀྱིས་མ་བུ་གཉིས་གནས་ནས་དབྱུང་བ་མཛད། དེ་ནས་མ་བུ་གཉིས་ར་རྩག་སྟེང་ལ་ར་རྫི་བཞུགས། ར་རྫི་བཞུགས་ས་ལ་ཡང་མ་ཡུལ་གྱི་མི་རྒྱུད་ཡོད་པ་གྲགས། དེ་ནས་ཀརྨ་པ་དགུང་ལོ་༡༩་ལ་ཡུལ་དབུས་སུ་བྱོན་དུས། ཡུལ་མི་རྣམས་ཀྱིས་ཀརྨ་པ་ལ་གྲུབ་པའི་རྟགས་མཚན། ནགས་བརྒྱ་ཁུག་སོགས་ལ་ཞབས་ཕྱག་རྗེས་དང་ཚེ་ཆུ་གཏེར་ལེན་པ་སོགས། ཐུབ་སྟོབས་རྫུ་འཕྲུལ་འགྲན་ཟླ་བྲལ་བ་ཤེས་ནས་དད་པའི་དབང་གིས། ཀརྨ་པ་ལ་རབ་ན་བཞུགས་རོགས་མ་ཐུབ་ན་དད་རྟེན་གནང་བ་ཞུ་ཞེས་པའི་སྐབས་སུ། རེ་མདུན་ལྟར་དད་པའི་སྐྱབས་རྟེན་དུ་སྐུ་ཉིད་ཀྱི་ན་བཟའ་དང་ར་རྩག་ཆ་ལྷམ་རྣམས་གནང་ནས། སེམས་ཅན་རྣམས་ཡིད་ཚིམ་པར་མཛད་དོ། དེ་ནས་ཕྱིས་སུ་སྤྱི་ལོ་༡༡༦༡་ལོར་རང་ཡུལ་བྱོན་དུས་སུ་དུས་མཁྱེན་གྱིས་འཁྲུགས་པ་སླར་བསྡུམས་པའི་ཕྱིར་དུ། ར་རྩག་སྟེང་ལ་དབྱེན་སྡུམ་མཆོད་རྟེན་གཅིག་དང་། འབོ་མཆོག་ལ་ཕ་ཡབ་ཀྱི་སྐུ་གདུང་གི་ཁང་བུ་བརྩེགས་པའི་མཆོད་རྟེན་བཞེངས་པ་རེད་ཅེས་ངག་རྒྱུན་དང་ཡིག་ཆ་འགའ་རེ་ལས་བྱུང་། མ་གཞི་ནི་དུས་མཁྱེན་འཁྲུངས་ས་ནི་རྣམ་ཐར་བརྒྱ་རྩ་མ་སོགས་ཡིག་རྙིང་ལས། སྤོ་ཆུ་ཞེས་བྲིས་པ་དེ་འབོ་མཆོག་ཚང་གི་ཁྱིམ་མིང་ཡིན་པ་ལོ་རྒྱུས་ཡིག་རྙིང་རྣམས་དང་ངག་རྒྱུན་ཐམས་ཅད་མཐུན་པར་མ་ཟད། ཁྱིམ་ནང་ལ་ད་ལྟར་ཡང་ཅ་ལག་རྙིང་བ་དང་གྲུབ་རྗེས་སོགས་མཇལ་རྒྱུ་ཡང་ཡོད། གང་ལྟར་ཡང་མཆོད་རྟེན་ནི་དུས་གསུམ་མཁྱེན་པའི་བྱིན་གྱིས་རླབས་པས་ཐུགས་རྟེན་ཁྱད་པར་ཅན་ཞིག་ཡིན་ནོ། །ཡང་གཡས་གཡོན་གྱི་མཆོད་རྟེན་ཆུང་ཆུང་གཉིས་བྱུང་ཚུལ་ནི། སྤྱི་ལོ་༡༡༩༣ལོར་རྗེ་བཙུན་དམ་པ་དགུང་ལོ་༨༤སྟེང་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་སྐབས་སུ། དད་གསུམ་འགྱུར་བ་མེད་པའི་དགོན་སྡེ་རྣམས་ཀྱིས། དུས་གསུམ་མཁྱེན་པའི་གནང་བས་ན་བཟའ་ར་རྩག་ནང་གཟུངས་བྱེད་ནས་དབྱེན་བསྡུ་མཆོད་རྟེན་ཉམས་གསོ་བྱེད་པ་དང་། ཆ་ལྷམ་རེ་རེ་ནང་གཟུངས་བྱེད་ནས་བྱང་ཆུབ་མཆོད་རྟེན་ཆུང་བ་གཉིས་ཆ་ཚད་དང་ལྡན་པ། རྒྱུ་ས་རྡོ་ལས་གྲུབ་པའི་དད་རྟེན་དུ་བཞེངས་ནས་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པ་འོད་སྟོང་འབར་བའི་གནས་སོ་ཞེས་པའི་བཤད་སྲོལ་དེ་ནི་ཐམས་ཅད་མཐུན་ནོ། །

( གནའ་དུས་ནས་ཡོད་པའི་བླ་སྐུ )

གཉིས་པ་མཆོད་རྟེན་གྱི་མིང་བཤད་པ་ལ། དུས་མཁྱེན་གྱིས་མཆོད་རྟེན་བཞེངས་པ་ནས་མིང་ཡང་རག་ལྟག་སྟེང་སྐུ་འབུམ་ཞེས་བྱ་སྟེ། རག་ལྟག་ཆུའི་བཞུར་རྒྱུན་གྱི་རི་སྒང་གི་སྟེང་དུ་ཡོད་པ་དང་། སོ་འབྲོང་གི་སྐུ་སཱ་ཙྪ་འབུམ་ཡོད་པའི་དབང་གིས་རག་ལྟག་སྟེང་སྐུ་འབུམ་ཞེས་བྱ། རག་ལྟག་ཞེས་པ་ནི་ཡུལ་ཕྱོགས་ཞིག་གི་མིང་ཡིན་ཏེ། དེའི་ཡུལ་ཕྱོགས་ཀྱི་ཆུ་ལ་རག་ལྟག་ཆུ་དང་། ལུང་པའི་ཕུ་ལ་རག་ལྟག་ཕུ་ཞེས་བྱ་སྟེ། ཆུ་དེ་ཨ་མྱེ་རག་ར་དེའི་གོང་ངང་ལྟག་ནས་བབས་པའི་ཆུ་ཞིག་ཡིན་པའི་དབང་གི་རག་ལྟག་ཆུ་དང། ཆུ་དེ་འབབ་སའི་ལུང་པའི་ཕུ་ལ་རག་ལྟག་ཕུ་ཞེས་ཡུལ་ཕྱོགས་ལ་མིང་ཐོགས་ཚུལ་དེ་འདྲ་བཤད་སྲོལ་འདུག །ཡང་ཕྱིས་སུ་དགོན་སྡེ་རྣམས་ཀྱིས་ར་རྩག་ནང་གཟུངས་འབུལ་ནས་མཆོད་རྟེན་ཉམས་གསོ་བྱེད་པའི། དུས་དེ་ནས་བཟུང་ར་རྩག་མཆོད་རྟེེན་དང་ར་རྩག་སྟེང་ཞེས་བྱ་བ་དང་། སྤོ་ཆུ་ཚང་ལ་ཡང་དུས་མཁྱེན་གྱིས་ཕ་ཡབ་ཀྱི་མཆོད་རྟེན་ནང་སཱ་ཙྪ་འབུམ་ཡོད་པ་ཞིག་བཞེངས་པའི་དབང་གིས་དུས་དེ་ནས་བཟུང་འབུམ་མཆོག་ཚང་ཞེས་མིང་ཐོགས་པ་བཤད་སྲོལ་འདུག་གོ །

( གནའ་དུས་ནས་ཡོད་པའི་བླ་སྐུ )

( ར་རྩག་སྟེང་ )

གསུམ་པ་འགྱུར་ལྡོག་བྱུང་ཚུལ་ནི།

སྤྱི་ལོ་༡༤༥༣་གྱི་སྔོན་ལ་ར་རྩག་མཆོད་རྟེན་མ་གཏོགས་མཆོད་རྟེན་ལ་ཁང་པ་མེད། ཕྱིས་སུ་བཀའ་རྒྱུད་ལེགས་བཤད་གསེར་ཕྲེང་གི་དགོངས་པ་ལྟར་ན་འབུམ་མཆོག་ཚང་ངམ་འབོ་མཆོག་ཚང་གི་བླ་མ་ཞྭ་དམར་སྐུ་ཕྲེང་བཞི་པ་རེད་གསུངས་པ་དེ་ཉིད་ཀྱིས་ཉ་བྲག་དགོན་པ་ལ་རྒྱུ་ནོར་འབུལ་བས་རྐྱེན་གྱིས། ཉ་དགོན་གྱིས་ཁང་པ་ཕྱི་ནང་གཉིས་ཅན་ནང་གྱང་ལྷ་དངབཅས་པ་བཞེངས་ནས་དེ་ནས་བཟུང་སྟེ་གསོལ་ཀ་འདོན་མི་བཞུགས། གྱང་ལྷ་འགའ་རེ་ད་ལྟར་ཡང་མཇལ་རྒྱུ་ཡོད། མཆོད་རྟེན་ཆུང་བ་གཉིས་ལྷམ་ནང་གཟུངས་བྱེད་ནས་ད་བར་དུ་འགྱུར་མེད་རི་རྒྱལ་ལྟར་དུ་གནས་ཡོད་ཚུལ་་བཤད་པ་དེ་ནི་མཆོད་རྟེན་གྱི་མ་གཞི་ལ་དགོངས་པ་འདྲ། དོན་དུ་ནི་དང་པོ་མཆོད་རྟེན་ཆུང་བ་གཉིས་ཤིན་ཏུ་ཆུང་ལ་བྱང་ཆུབ་མཆོད་རྟེན་གྱི་དབྱིབས་ཚད་ལྡན་ཞིག་ཡོད་པ་ཡིན་ན་ཡང་། ཕྱིས་སུ་ཉ་བྲག་དགོན་པ་དང་རག་ལྟག་སྡེ་རྣམས་ཀྱིས་ཕྱི་ནས་ན་བཟའ་དུ་མ་གསོལ་བའི་དབང་གིས། ཕྱི་དབྱིབས་འགྱུར་སོང་བར་རེད་ཞེས་བཤད་སྲོལ་དེ་ནི་ཡང་དག་ཡིན་པ་འདྲ། ད་ལྟར་མཆོད་རྟེན་གྱི་དབྱིབས་ནི་བྱང་ཆུབ་མཆོད་རྟེན་གྱི་དབྱིབས་འདྲ་ལ་ཁད་ཙམ་འདུག །མཆོད་རྟེན་ཆེ་བ་འདི་ནི་དང་པོ་ཕྱི་དབྱིབས་དབྱེ་བསྡུ་མཆོད་རྟེན་ཚད་ལྡན་ཞིག་ཡིན་ཡང་། ཕྱིས་སུ་ཉམས་ཆགས་དུ་མར་སོང་ནས་ཡུལ་མི་དང་། སྐྱེ་མཆོག་དུ་མས་ཉམས་གསོ་བྱེད་པས་དབང་གིས་དབྱིབས་འགྱུར་སོང་བ་རེད་ཞེས་དང་། འགལ་ཞིག་གི་སྔོན་ནས་ད་བར་དུ་དབྱིབས་འདི་འདྲ་རེད་ཟེར་བ་ཞིག་ཀྱང་བཤད་སྲོལ་འདུག །ཡིན་ཡང་དང་པོ་དེ་དོན་དང་མཐུན་ཏེ། སྤྱི་ལོ་༡༩༥༠་ལོར་ནས་ཉ་བྲག་དགོན་སྡེ་རྣམས་ཀྱིས་ཉར་ཚགས་ལོ་མང་བྱེད། ཡང་དགོས་རག་ལྟག་སྡེ་དང་ཨ་ཁུ་དཔལ་དགའ་ཚང་བཀའ་དྲིན་ཤིནྟུ་ཆེ། ཡང་ཕྱི་ལོ་༡༩༨༥་ལོར་ལྷག་བསམ་དུང་ལས་དཀར་བ། ཉ་བྲག་བླ་མ་ནོར་བུ་བཟང་པོ་དང་ཡར་མ་ཚེ་རིང་། ཕྱག་མཛད་ཚུལ་ཁྲིམས་རྣམས་ཀྱིས་ཉམས་གསོ་སྐབས་དང་། ཡང་ཕྱིས་སུ་རྐུ་མ་ཡང་ནས་མཆོད་རྟེན་ལ་ཉམས་ཆག་བྱུང་བ་དེ་སླར་གསོ་བྱེད་སྐབས་སུ། མཆོད་རྟེན་ནང་ལ་ཀརྨ་པ་སྐུ་ཕྲེང་དང་པོ་ནས་བཅོ་ལྔ་བར་ན་བཟའ་གདུང་རུས་སོགས། བྱིན་རྟེན་བསམ་གྱི་མི་ཁྱབ་པ་ཡོད་ཚུལ་ཉ་བྲག་མཁན་བཀྲ་ཤིས་ཡོན་ཏན་དང་། བླ་མ་བསོད་སྟོབས་བླ་མ་ངག་དབང་བསོད་ནམས་ཨ་ཁུ་དཔལ་དགའ་རྣམས་ཀྱིས་ཞལ་ནས་ཐོས་པའི་དབང་དུ་བྱེད་ན་འགྱུར་བ་མང་ཙམ་སོང་ཡོད་པ་འདྲ། ད་རུང་མཆོད་རྟེན་ས་སྲུང་མའི་རྣམ་སྤྲུལ་ར་མ་དང་སྤྲེལ་སོགས་ཡོད་པར་ཡང་བཤད་སྲོལ་འདུག་

(ད་ལྟར་ནི་ར་རྩག་སྟེང་ལ་ར་རྩག་མཆོད་རྟེན་གྱི་ཁང་པ་ཁོ་ན་ཡིན)

མཐའ་མ་གསུམ་པ་ལ་གསུམ་ལས། དང་པོ་ཕན་ནུས་ནི། སྤྱིར་མཆོད་རྟེན་གྱི་ཕན་ཡོན་ནི་རྒྱ་མཚོ་ལྟ་བུར་ལས། བདག་བློ་ཁབ་མིག་ཙམ་གྱིས་ནང་དུ་ག་ལ་ཤོང་། ཡིན་ན་ཡང་ཆུ་ཐིག་ཙམ་དད་པའི་བསུས་སུ་འབུལ་ན། ཕྱག་བསྐོར་བྱེད་ན་ཕན་ནུས་མཆོད་རྟེན་སྤྱི་ལྟར་ལས། དམིགས་གསལ་མཆོད་རྟེན་འདི་ལ་ཡང་གྲགས་ནི། ཕྱག་བསྐོར་བྱེད་ན་ཕོ་ཁ་སོགས་ནད་ཞི་བ་དང། ཕྲུ་གུ་འདོད་པ་ལ་ཕྲུ་གུ་དང་། ཡང་དགོས་ས་ཡོམ་གནོད་པ་ཐུབ་སྟེ། སྤྱི་ལོ་༡༨༦༦་ལོར་ཏྲེ་ཧོར་སྟོད་སྨད་ཡོངས་ལ་ས་ཡོམ་གྱི་གནོད་པས། མི་ཕྱུགས་ཕལ་ཆེར་ལྔ་ལམ་དུ་སོང་སྐབས་གྲོང་སྡེ་འདི་ལ་གནོད་འཚེ་གཏན་ནས་བྱུང་ཚུལ་མེད་དོ། །

( ཉ་བྲག་དགོན་པའི་ཡུལ་ལྗོངས)

(གནའ་དུས་ནས་ཡོད་པའི་བསྟན་སྲུང་གུར་མགོན་གྱི་སྐུ )

གཉིས་པ་སྐོར་ཚད་ནི།

སྔོན་ལ་སྐོར་ཚད་ངེས་པ་མེད་ཀྱང་ཕྱིས་སུ་ལྷ་སྡེ་རྣམས་ཀྱིས་རེ་འདུན་ལྟར་དུ་མཁན་ཆེན་བྱང་ཆུབ་བླ་མས། ཁང་པ་ཕྱི་མ་ལ་སྐོར་ཚད་མ་མཐའ་སྟོང་ཕྲག་ལྔ་དང་། ནང་མ་ལ་མ་མཐའ་ཁྲི་གཅིག་སྐོར་ན་བཟང་རེད་གསུངས། དེ་ཡང་ངག་རྒྱུན་ལས་བྱུང་ཡིན་ཡང་ད་ལྟར་ནི་སྐོར་ཚད་ཁྲི་གཅིག་དང་སྟོང་ཕྲག་ལྔ་སྐོར་བའི་ལུགས་སྲོལ་འདུག །ད་ལྟར་ཁང་པ་ལྷག་པ་དེ་ནང་མ་རེད་ཅེས་བཤད་ཚུལ་འདུག་གོ། །

གསུམ་པ་མཇུག་བསྡུ་བ་ནི།

མདོར་ན་མཆོད་རྟེན་གསུམ་པོ་འདི་ནི་བཞེངས་ནས་ད་ལྟ་བར་དུ། བྱིན་རློབས་ཀྱི་ཚན་ཁ་མ་ཡལ་བ་ཡོད་པའི་སྲིད་ན་དཀོན་པ་སྣང་བ་དང་། རང་ཉིད་ཡང་ཉ་བྲག་དགོན་པའི་མི་སྣ་ཡིན་པའི་དབང་གིས་ཕྲག་ཐོག་འབབ་པའི་ལས་འགན་དང་། གཞན་ལ་ཕན་སྲིད་སྙམ་ནས་སླད་མེད་ལྷག་བསམ་དཀར་པོའི་ཀུན་ནས་སློང་སྟེ། ས་གནས་དངོས་ཡོད་གནས་ཚུལ་དང་ངག་རྒྱུན་ཡིག་ཆ་རྣམས་ལ་བརྟག་དཔྱད་ཞིབ་འཇུག་བྱེད་ནས། ཆོས་སྡེ་ཆེན་པོ་ཉ་བྲག་དགོན་ནང་དུ་བསམ་གཏན་ནས་བྲིས་སོ། །འདི་བྲིས་དྲི་མེད་དགེ་བ་དེས། །འཁྲུལ་སྣང་འཁོར་བའི་སྡུག་བསྔལ་རྣམས། །ཚེ་འདི་བདག་ལ་རབ་སྨིན་ནས། །སེམས་ཅན་སངས་རྒྱས་ཐོབ་པར་སྨོན། །

( གནའ་དུས་ནས་ཡོད་པའི་གུར་མགོན་སོགས་ཀྱི་སྐུ )

( ཉ་བྲག་དགོན་པའི་དགེ་འདུན་ཁ་ཤས་ཀྱི་སྐུ་པར )

།སརྦ་མངྒལཾ། དགེ་འོ། ༢༠༡༣ ༨ ༢༥།

ཉ་བྲག་དགོན་ནས་བསྒྲིགས།། །།