༄༅།།སློབ་རའི་གསར་འགྱུར།

美友14605427

༄༅།།ཉག་ཆུ་རྫོང་མགོ་ལོག་ས་ཁུལ་བཅའ་སྡོད་སློབ་ཆུང་གི་བར་རྒྱུགས་གཟེང་བསྟོད་མཛད་སྒོ་དང་ཕྱོགས་སྡོམ་ཚོགས་འདུ།

དགེ་སློབ་ཡོངས་ཀྱི་སློབ་སྐབས་ཕྱེད་རིང་གི་སློབ་གསོ་དང་སློབ་ཁྲིད་ཀྱི་གྲུབ་འབྲས་ལ་ཕྱོགས་སྡོམ་དང་།བཟང་པོར་བསྟོད་བསྔགས།ཞན་པར་ཡོ་བསྲིང་དང་ཡར་ཐོན་ལ་སྐུལ་བར་གཞུག་ནས།ཕྱི་ལོའི་༢༠༢༠ལོའི་ཟླ་༡༡པའི་ཚེས་༡༨ཉིན་ཕྱི་དྲོའི་སློབ་ཁྲིད་ཀྱི་དུས་ཚོད་བེད་སྤྱད་ནས།རང་སློབ་གྲྭའི་བར་རྒྱུགས་གཟེང་བསྟོད་མཛད་སྒོ་ལེགས་པར་སྤེལ།

མཛད་སྒོའི་ཐོག་མར།སློབ་གྲྭའི་སློབ་སྟོན་པ་རྒན་འོད་ཟེར་ལགས་ཀྱིས་རེབ་འདིའི་བར་རྒྱུགས་ཁྲོད་འཛིན་གྲྭ་སོ་སོའི་སྡོམ་སྐར་ཨང་དང་པོ་ནས་གསུམ་པ་དང་།ལོ་རིམ་གཅིག་གི་བསླབ་ཚན་སོ་སོ་རྒྱུགས་འབྲས་ཨང་དང་པོ།འཛིན་གྲྭ་སོ་སོའི་སྦྱངས་འབྲས་ཡར་ཐོན་ཅན་བཅས་ལ་བྱ་དགའི་གཟེང་རྟགས་དང་སློབ་སྦྱོང་ཡོ་ཆས་ཀྱི་བྱ་དགའ་གནངས།

མཇུག་ཏུ།རང་སློབ་གྲྭའི་སློབ་གཙོ་རྒན་ཚེ་རིང་ལོ་བརྒྱ་ལགས་ཀྱིས་སློབ་མ་རྣམས་ལ་ཁ་གཏད་ནས་ཐེངས་འདིའི་བར་རྒྱུགས་ལ་ཕྱོགས་སྡོམ་དང་།སྦྱང་ཞན་སློབ་མ་རྣམས་ཀྱིས་སྦྱངས་འབྲས་ཕུལ་བྱུང་ཅན་གྱི་སློབ་མར་སློབ་སྦྱོང་དགོས་ཚུལ་དང་།སློབ་མ་ཚོས་དུས་རྒྱུན་སློབ་སྦྱོང་སྐབས་ཀྱི་སྤང་བླང་གི་ཆ་ལ་གནད་ལ་འཁེལ་བའི་མཛུབ་སྟོན་དང་།བློ་མཐུན་ཞུ་ཅིན་ཕིང་གིིས་སློབ་མའི་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་དགོས་ཞེས་པའི་རྩ་དོན་གྱི་དགོངས་གཞི་བཞིན།སློབ་མ་སོ་སོས་རང་གི་ཀུན་སྤྱོད་དང་ཤེས་ཡོན།ལུས་རྩལ།མཛེས་རྩལ།ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་དགོས་པའི་བསླབ་བྱ་གལ་ཆེན་གནངས།

ཕྱི་དྲོའི་ལས་རིམ་གཉིས་པ་ནི་བར་རྒྱུགས་ཕྱོགས་སྡོམ་ཚོགས་འདུ་ཡིན་ལ།སློབ་གྲྭའི་དགེ་རྒན་ཡོངས་ཆད་ལྷག་མེད་པར་ཚོགས་འདུར་ཞུགས་ཤིང་།ཚོགས་འདུའི་ལས་རིམ་དང་པོར་སློབ་དཔྱོད་ཚན་ཁག་སོ་སོ་ནས་ཐེངས་འདིའི་བར་རྒྱུགས་ཀྱི་སྦྱངས་འབྲས་དང་གནད་དོན་བཅས་ལ་ཕྱོགས་སྡོམ་སྙན་ཞུ་ཕུལ་ལ།སློབ་སྐབས་འདིའི་ཚན་ཁག་སོ་སོའི་སློབ་ཞིབ་དང་སློབ་སྦྱོང་གི་ལས་ཀའི་འགྲུབ་ཚད་དང་ཐོབ་བྱ་བཅས་ལ་སྙན་ཞུ་ལེགས་པར་ཕུལ།

ཚོགས་འདུའི་ལས་རིམ་གཉིས་པར་སློབ་སྟོན་ཁང་གི་འགན་འཛིན་རྒན་གཞོན་གཉིས་ཀྱིས་རྒྱུགས་འབྲས་སྤྱིའི་ཆ་ནས་དབྱེ་ཞིབ་དང་སློབ་གྲྭའི་སློབ་ཞིབ་ཚན་ཁག་སོ་སོར་འབྲེལ་ཡོད་ཀྱི་རེ་བ་བཏོན།

ཚོགས་འདུའི་མཇུག་ཏུ།རང་སློབ་གྲྭའི་སློབ་གཙོ་ཚེ་རིང་ལོ་བརྒྱ་ལགས་ཀྱིས་ཐེངས་འདིའི་བར་རྒྱུགས་ལ་ཕྱོགས་སྡོམ་གིས་དཔྱད་བརྗོད་སྤེལ་ལ།ཁྱད་པར་དུ་སློབ་མའི་ཞོགས་ཀློག་དང་སྤྱི་སྐད་ཁྱབ་བསྒྲགས་སྐོར་ལ་ནན་ཏན་གཙུགས་སུ་འཛིན་དགོས་པའི་དགོས་དབང་དང་ལག་ལེན་བྱེད་ཐབས།སློབ་གྲྭའི་བདེ་འཇགས་ཁང་དང་འཛིན་བདག་དགེ་རྒན་ལ་འབྲེལ་ཡོད་བླངས་བྱ་དང་དགོས་དབང་བཏོན།མཇུག་ཏུ་སློབ་གྲྭའི་སློབ་གསེང་ལུས་རྩལ་སྒྲིག་གཞི་ཅན་དུ་བསྒྱུར་དགོས་པའི་རྩ་དོན་བཅས་ཀྱི་བཀའ་བསྒོ་དང་སློབ་སྟོན་གནངས།

ཉག་ཆུ་རྫོང་མགོ་ལོག་ས་ཁུལ་བཅའ་སྡོད་སློབ་གྲྭ།

༢༠༢༠/༡༡/༡༨