ཁ་མཚར་ནི་ཉམས་མྱོང་ལས་གྲུབ།ཉམས་མྱོང་ནི་འཚོ་བའི་གོམས་གཤིས་སུ་ཆགས་པ་ཡིན། ད་ལྟའི་དུས་རབས་འདིའི་ནང་དུ་ཕན་ཚུན་ལ་སློབ་གསོའི་བརྒྱུད་རིམ་ནི་འཁྲབ་སྟོན་དང་གླུ་གར།སྙན་ངག་དང་རྩོམ་རིག་སོགས་ལས་བརྗོད་བྱའི་ནང་དོན་ཕུན་སུམ་ཚོགས་པ་ཞིག་འགྲེལ་བཤད་རྒྱག་བཞིན་ཡོད།དེའང་ངེད་སློབ་གྲྭའི་བོད་སྐད་ཁ་མཚར་འགྲན་བསྡུར་སྐབས་དང་པོ་སྤེལ་བ་ཡིན།སྤེལ་བའི་དམིགས་ཡུལ་གལ་ཆེ་ནི་རང་ཡུལ་ལ་རང་གིས་སྲུང་སྐྱོབ་དང་རང་ཉིད་ནི་རང་གི་མགོན།རང་ཉིད་ནི་རང་གི་དགྲ་བོ་ཡིན་པ་རྟོགས་དགོས།རོགས་ངན་དང་འགྲོགས་མང་ན་མཐར་རང་སྲོག་མེད་པའི་དུས་ངན་འཆར་སྲིད།གང་ལྟར་ང་ཚོས་རིག་གནས་བཅུ་ཕྲག་ལ་སློབ་སྦྱོང་དང་ཡ་རབས་ཀྱི་ཀུན་སྤྱོད་ཀྱི་ས་བོན་བཟང་པོའི་རྗེས་རབས་པ་ཚོ་བསུ་དགོས་ལ་མཛུབ་སྟོན་ལེགས་པོ་བྱེད་དགོས།

ད་ཐེངས་ཀྱི་བྱ་འགུལ་འདི་ལའང་ངེད་དགེ་སློབ་ཀུན་གྱིས་གཟའ་འཁོར་གཅིག་གཉིས་ཙམ་ལས་ཡོངས་སུ་གསོག་འཇོག་བྱས་པའི་འཚོ་བ་རྣལ་མ་ཞིག་ཀྱང་ཡིན།བྱ་འགུལ་འདིའི་ནང་དུ་སློབ་རིམ་གཉིས་པའི་ཁྲོད་ཀྱི་ལོ་རིམ་བཞི་བ་གཅིག་དང་།

སློབ་རིམ་གསུམ་པའི་ཁྲོད་ཀྱི་ལོ་རིམ་ལྔ་པའི་འཛིན་གྲྭ་གཉིས་དང་ལོ་རིམ་དྲུག་པའི་འཛིན་གྲྭ་གཅིག་ཅེས་འདུས་ཡོད།

དེ་ནས་སློབ་རིམ་གསུམ་པའི་ཁྲོད་ཀྱི་ལོ་རིམ་དྲུག་པའི་འཛིན་གྲྭའི་ཁ་མཚར་འཁྲབ་སྟོན་གྱི་ཁ་བྱང་ནི“ཡ་རབས་སྤྱོད་པའི་སློབ་གསོ”ཞེས་པ་དེ་ཡིན།སྤྱིར་ང་ཚོ་ཁྱིམ་གཞིས་དྲོན་མོ་ཞིག་ལ་བྱམས་བརྩེ་དང་བྲལ་བཞིན་པའི་འགོ།

ཡོད་ཚད་ཀྱི་ཡོད་ཚད་གྲོགས་པོ་ཟེར་བའི་སྤྱི་ཚོགས་སུ་རྒྱལ་ཕམ་ཐག་གཅོད་ཀྱང་བྱེད་བཞིན་ཡོད།འདིའི་ཁྲོད་ཀྱི་གཙོ་གནད་ནི་མི་སྣ་གཉིས་ལས་གྲུབ་པའི་སྡེ་ཚན་ཁག་ཅིག་ཡིན།དོན་འགྲུབ་ནི་མི་གཤིས་འཇམ་ལ་ཀུན་སྤྱོད་ཧ་ཅང་བཟང་།

ཚེ་རིང་ནི་དེ་ལས་ལྡོག་སྟེ་གྲོགས་པོའི་བར་གྱི་བརྩེ་འདང་བཀོལ་སྤྱོད་བྱས་ཤིང་གྲོགས་དོན་འགྲུབ་ཀྱིས་དུས་ཚིགས་བཞི་བོའི་དྲོ་གྲང་གི་དཀའ་སྡུག་ལས་བསགས་པའི་སྒོར་མོ་དག་སྐྱིན་ནས་རང་གི་བུ་ཕྲུག་ལ་སློབ་སྦྱོང་གི་ཡོ་བྱད་དང་ཡིད་འོང་རེག་བྱ་འཇམ་པའི་གྱོན་ཆས་རྙོ་དགོས་ཞེས་ཁ་གཡར་ནས་ཉི་མ་འཁྱོངས་བཞིན་མཆིས།རེད་དེ་དོན་དངོས་སུ་ཚེ་རིང་གིས་ཆང་རག་དང་སྦག་རྒྱག་བྱེད་ནས་ཉི་མ་སྟོང་ཟད་དུ་གཏོང་བཞིན་མཆིས།སྐབས་དེར་དུས་ཀྱི་འཁྲབ་སྟོན་པ་ཆུང་ཆུང་ཚོས་ང་ཚོ་སྟོན་མོ་བ་ལ་དགོད་སྒྲའི་ཞིང་ཁམས་ཤིག་བསྐྲུན་པ་ཙམ་མིན།དེ་བས་ང་ཚོས་ཤེས་རྟོགས་བྱུང་དགོས་པ་ནི་ཆང་རག་དང་སྦག་རྒྱག་གི་བྱ་བ་ནི་ཁྱིམ་གཞིས་དྲོན་མོ་བརླགས་པའི་འབར་གས་ཤིག་དང་གཉིས་སུ་མེད་ཅེས་བླང་དོར་བཅུད་ལེན་བྱེད་དགོས།

སློབ་རིམ་གསུམ་པའི་ཁྲོད་ཀྱི་ལོ་རིམ་ལྔ་པའི་འཛིན་གྲྭ་དང་པོའི་བྱ་འགུལ་གྱི་ཁ་བྱང་ནི་“རང་སྐད་ནི་སྲོག གཞན་སྐད་ནི་རྒྱན།”ཞེས་པ་དེ་ཡིན།

སྤྱིར་གྲོང་སྡེ་ཞིག་དང་གྲོང་སྡེ་དེའི་ཤང་བར་གྱི་འབྲེལ་འདྲིས་བཟང་པོ་ཞིག་ཆགས་དགོས་ན་ཆ་རྐྱེན་ཇི་ལྟར་ཚང་དགོས་མིན་སྐོར་གྱི་ཁ་མཚར་ཞིག་ཡིན།སྐབས་འདིར་རང་སྐད་སྨྲ་བསམ་ནའང་དག་མའི་དྲི་ཞིམ་མེད་པས་ཧ་ཅང་ཡིད་སེམས་སྐྱོ་སྣང་གིས་བཟི་སོང་།ཡང་ན་གྲོང་སྡེའི་ནང་གི་ཡུལ་མི་ཚོས་གཞན་སྐད་མ་ཤེས་པ་དེ་བས་རྗེས་སུ་ཆགས་པའི་ཚོར་སྣང་སྟེར་བྱུང་།འདི་ནི་གནས་སྐབས་ལག་བསྟར་བྱེད་པའི་ཁ་མཚར་ཞིག་མིན།དེ་བས་ང་ཚོས་མིག་མདུན་དུ་བྱུང་དང་བྱུང་བཞིན་པའི་ནད་ཡམས་ཤིག་རེད།ང་ཚོས་ཀྱང་དེ་བཞིན་དོ་སྣང་དང་བཅོས་ཐབས་འཚོལ་ཞིབ་བྱེད་མི་སྲིད་པ་ནི་དོན་དངོས་སུ་ནོར་འཁྲུལ་གལ་ཆེ་ཞིག་ཡིན་པ་ངོས་འཛིན་དང་ཉམས་པ་སླར་གསོ་དགོས་ཞེས་སྐུལ་མ་གཏོང་བ་དང་འདྲའོ།།

སློབ་རིམ་གསུམ་པའི་ཁྲོད་ཀྱི་ལོ་རིམ་ལྔ་པའི་འཛིན་གྲྭ་གཉིས་པའི་བྱ་འགུལ་གྱི་ཁ་བྱང་ནི“སྒྲོལ་མའི་ཨ་ཕ་ནི་ཆང་བཟི་ཞིག་ཡིན”ཞེས་པ་དེ་ཡིན།ཉིན་ཞིག་ལ།སྒྲོལ་མ་ཆུང་ཆུང་སློབ་གྲྭ་གྲོལ་རྗེས།ཁྱིམ་གྱི་ལས་བྱ་འབྲི་སྐབས་འབྲི་མི་ཤེས་པའི་དཀའ་སྡུག་དག་ཁོ་མོའི་ཨ་ཕར་འདྲི་བ་རེད།ཁོང་མོའི་ཆང་བཟི་ཨ་ཕས་མཁས་ཚུལ་ངང་ནས་འདི་ལྟར་“བོད་ཡིག་གི་གསར་གཏོད་མཛད་པ་པོ་ནི་གླིང་སྒྲུང་ཁྲོད་ཀྱི་ཨ་ཁུ་ཁྲོ་ཐུང་ཡིན།ད་རུང་དབྱངས་ཡིག་ལ་དབྱེ་ན་གསུམ་ཡོད་ཚུལ་བརྗོད།དེའང་དབྱངས་ཡིག་གསུམ་ནི་དབྱངས་ཅན།དབྱངས་མཚོ་དང་དབྱངས་སྐྱིད་”ཅེས་བཤད།སླར་ཡང་སྒྲོལ་མ་ཆུང་ཆུང་གིས་དེ་ན་ཡང་འཇུག་ག་ཚོད་ཡོད་འདྲི་སྐབས། ཁོ་མོའི་ཨ་ཕས་ད་ནི་ཁྱོད་ཀྱི་ཨ་མར་འདྲི་རུ་སོང་ལབ་པ་རེད།དོན་ངོ་མབཤད་ན་སྒྲོལ་མ་ཆུང་ཆུང་གི་ཨ་མ་ནི་ཆུང་དུས་ནས་སློབ་གྲྭ་འགྲིམ་མ་མྱོང་ལ།དེ་བས་ཀ་མད་སུམ་ཅུའི་སྒྲ་གཟུགས་རྟོགས་མི་སྲིད།འོན་ཀྱང་།སྐབས་དེར་དུས་ཁྱིམ་མཚེས་ཀྱིས་འཕྱ་སྨོད་ལ་འཛེམ་པས་ཡང་འཇུག་གཉིས་ནི་ང་དང་སྒྲོལ་མ་ཆུང་ཆུང་ཁྱོད་རེད་འཁྲིད་པ་རེད།

སྒྲོལ་མ་ཆུང་ཆུང་ནི་དྭངས་གཙང་གི་ཤོག་བུ་དང་ལྷད་མེད་ཀྱི་མར་ལྟ་བུ་ཞིག་ཡིན་རུང་།གསུབ་དཀའ་བའི་བྱིས་དུས་ཀྱི་འཚོ་བ་རྣལ་མ་ཞིག་ཏུ་རོལ་བཞིན་འདུག ཁོ་མོའི་ཨ་ཕའང་ཡ་རབས་ཀྱི་དྲི་ཞིམ་མེད། ནད་ཡམས་ཀྱིས་བཀླུབས་པའི་ཉམས་མེད་ཀྱི་ཁྱི་འཁྱམ་ཞིག་དང་འདྲ།ང་ཚོས་ཀྱང་སྒྲོལ་མ་ཆུང་ཆུང་གི་ཨ་ཕ་ལྟ་བུའི་མི་དང་འགྲོགས་མི་རུང་།ལྷག་པར་དུ་ཀུ་ཅོ་དང་ཅ་ཅོ་སྒྲོག་པའི་ཁྱིམ་ཚང་རེ་རེའི་བར་དུ་གྲོགས་པོ་བྱ་མི་རུང་བའི་གནད་དོན་བརྗོད་འདུག

སློབ་རིམ་གཉིས་པའི་ཁྲོད་ཀྱི་ལོ་རིམ་བཞི་བའི་འཛིན་གྲྭ་དང་པོའི་བྱ་འགུལ་གྱི་ཁ་བྱང་ནི་“སྤྱང་པོ་དང་གླེན་པ”ཞེས་པ་དེ་ཡིན།འདི་ནི་ང་ཚོའི་བསླབ་དེབ་ཁྲོད་ཀྱི་ཤེས་བྱ་དང་མི་གཤིས་ཀུན་སྤྱོད་ལ་དོ་སྣང་བྱེད་དགོས་པའི་བསམ་བློའི་མཛུབ་སྟོན་གྱི་གལ་ཆེ་རང་བཞིན་ཅན་ཞིག་ཡིན།

སྐབས་དེར་བསླབ་དེ་དང་ད་ཐེངས་ཀྱི་བརྗོད་བྱའི་རིམ་པ་རེ་རེ་སྨྲ་མ་དགོས་པ།དེ་བས་བློ་སྒོ་འབྱེད་པའི་ལྡེ་མིག་དང་རང་ལ་ཕན་ནུས་ཇི་ལྟར་སོགས་གླེང་གཞི་བྱ།ང་ཚོ་ས་གནས་གང་དུ་འགྲིམ་ནའང་ཧམ་སེམས་དང་གཡོ་སྒྱུ་མང་སོང་ན།མཐར་རང་ཉིད་བརླགས་པའི་རྒྱུ་རྐྱེན་ཡིན་པ་རྟོགས་དགོས།རིམ་བཞིན་ལས་དང་རྒྱུ་འབྲས་ལ་ཡིད་ཆེས་འཇོག་དགོས་ཚུལ་གྱི་བསླབ་བྱ་བཟང་པོ་ཞིག་གོ།

ཡོན་ཏན་རྒས་ན་དགེ་རྒན།ལོ་ན་རྒས་ན་སྡུག་རྒན་ཡིན།ད་ཐེངས་ངེད་སློབ་གྲྭའི་བོད་སྐད་ཁ་མཚར་འགྲན་བསྡུར་སྐབས་དང་པོ་སྤེལ་བ་འདིའི་རང་ཉིད་ནི་རང་གི་བདག་པོ་ངོ་མ་དེ་ཡིན།

ལྷག་པར་དུ་ཡ་རབས་སྤྱོད་པའི་གནད་དོན་གང་མང་མང་ཞིག་སློབ་སྦྱོང་དང་དྲིལ་བསྒྲགས། མཛུབ་སྟོན་དང་གོང་འཕེལ་གཏོང་དགོས་ཞེས་གླེང་གཞི་བྱེད་པ་ཡིན་ནོ།།