ཉིས་སྟོང་ཉི་ཤུའི་ལོ་འདི་ནི་དམིགས་བསལ་གྱི་ལོ་ཤིག་ཡིན་ཏེ།ལོ་མགོ་ཚུགས་པ་ནས་བཟུང་འབྱུང་བཞིའི་ཁམས་འཁྲུག་ནས།ཀྲུང་གོའི་ནང་ཁུལ་དུ་ཆུ་ལོག་དང་མེ་སྐྱོན།ས་འགུལ་སོགས་ཀྱི་གནོད་པ་ཆེ་ཆུང་ཅི་རིགས་སུ་བྱུང་ཞིང་།ཁྱད་པར་དུ་ཝུའུ་ཧན་ནས་བྱུང་བའི་ཏོག་དབྱིབས་ནད་དུག་གིས་རང་རྒྱལ་གྱི་མི་དམངས་ཀྱི་འཚོ་བ་རྒྱུན་གཏན་གྱི་འཚོ་བའི་གོམས་འགྲོསདང་།རྒྱལ་ཁབ་ཀྱི་ལོ་མཇུག་ལས་གཞི་བསྐྱར་གསོའི་ལས་དོན་ལ་བཀག་འགོགས་ཀྱི་ཤུགས་རྐྱེན་ཚབས་ཆེན་པོ་བཟོས་ཡོད།རང་སློབ་གྲྭའི་སློབ་གསོའི་ལས་དོན་ལ་ཡང་རིམས་ནད་འདིའི་ཤུགས་རྐྱེན་ཐེབས་ནས།སློབ་མགོ་གཟུགས་པའི་ལས་དོན་ཟླ་གཅིག་ལ་ཕྱིར་འགྱངས་བྱས་ལ།སློབ་གསོ་དང་སློབ་ཁྲིད་ཀྱི་ལས་གཞི་དུས་ཐོག་ཏུ་མ་རྫོགས་པ་དང་།རིམས་ནད་སྔོན་འགོག་གི་ཇུས་གཞིའི་དགོངས་དོན་ལག་ལེན་བྱས་ནས་མི་མང་འདུ་ཚོགས་འགོག་ཆེད།རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་རོལ་ཐུབ་མ་བྱུང་ཡང་།ཟླ་འདིའི་ཚེས་བཅུ་གཅིག་ལ་སློབ་ཁྲིད་ཀྱི་ལས་དོན་ཕྱེད་ཙམ་དོན་འཁྱོངས་བྱུང་བ་དང་།རིམས་ནད་འགོ་མཆེད་ཀྱི་རླུང་འཚུབ་རེ་ཞིག་དྭངས་པའི་དུས་དང་བསྟུན་ནས།དྲུག་གཅིག་བྱིས་པའི་དུས་ཆེན་ལ་ཉི་འཛིན་སྐར་འཛིན་ཙམ་གྱི་ཚབས་དང།སློབ་མ་རྣམས་ཀྱི་བྲེལ་ཟིང་སློབ་སྦྱོངས་གི་འཚོ་བར་རེ་ཞིག་ལྷོདཡངས་གིི་གནས་སྐབས་བསྐྲུན་ཆེད།དྲུག་གཅིག་བྱིས་པའི་དུས་ཆེན་ལ་རོལ་བའི་དགའ་སྟོན་ཀྱི་མཛད་སྒོ་བསྡུས་པ་ཡིན།

མཛད་སྒོའི་ལས་རིམ་དང་པོ།སློབ་གསར་རྣམས་རྒྱལ་ཁབ་ཀྱི་ན་གཞོན་གདོང་ལེན་རུ་ཁག་ཏུ་ཞུགས་པའི་མཛད་སྒོ་ཡིན།ཐོག་མར་སློབ་གྲྭའི་ན་གཞོན་གདོང་ལེན་རུ་ཁག་གི་ཟུར་སྟོན་པ་རྒན་ལི་ཐིང་ལགས་ཀྱིས་གདོང་ལེན་རུ་མིའི་གླུ་ཡི་འགྱུར་ཁུགས་སྙན་མོ་དང་ལྷན་དུ་ཚོགས་ཞུགས་སློབ་མ་དག་གི་མིང་ཐོ་བཏོན་པ་དང་།སློབ་མ་རེ་རེ་བཞིན་སྟེགས་བུ་ཐོག་ཏུ་ཕེབས་ནས་རྒྱལ་དར་འོག་ཏུ་ཚོགས་ཞུགས་དམ་བཅའ་བཞག་པ་དང་།རིམ་བཞིན་ཚོགས་མི་རྙིང་བ་དག་གིས་སློབ་གསར་ཚོར་སྐེ་རས་དམར་པོ་བཏགས་པ་ནས་སློབ་གསར་ཚོགས་ཞུགས་མཛད་སྒོ་ལེགས་པར་མཇུག་བསྡུས།

མཛད་སྒོའི་ལས་རིམ་གཉིས་པ་ནི་དགེ་རྒན་ལ་བྱ་དགའ་སྟེར་བའི་ལས་རིམ་སྟེ།མཛད་སྒོའི་བྱ་དགའ་ལ་སློབ་མའི་སྦྱངས་འབྲས་ཕུལ་བྱུང་དགེ་རྒན་དང་།ཕུལ་བྱུང་གི་མཛུབ་སྟོན་དགེ་རྒན།ཕུལ་བྱུང་གི་འཛིན་བདག་དགེ་རྒན།གདོང་ལེན་རུ་མིའི་ཕུལ་བྱུང་ཟུར་སྟོན་དགེ་རྒན་བཅས་སོ།།

ལས་རིམ་གསུམ་པ་ནི་སློབ་མར་གཟེངས་རྟགས་ཕུལ་བའི་ལས་རིམ་སྟེ།དབྱེ་ཚན་སོ་སོ་ནི།སློབ་དཀྱིལ་རྒྱུགས་སྤྲོད་སྐབས་བོད་རྒྱ་གྲངས་གསུམ་གྱི་སྦྱངས་ཚན་སོ་སོའི་ཨང་དང་པོ་དང་།གསུམ་བཟང་སློབ་མ།གསར་གཏོད་གསུམ་བཟང་སློབ་མ།འཛིན་གྲྭའི་ཕུལ་བྱུང་འགན་འཁུར་བ།སློབ་སྦྱོངས་ཡར་བརྩོན་སློབ་མ།ངལ་རྩོལ་ཧུར་བརྩོན་ཅན།ཕུལ་བྱུང་གདོང་ལེན་རུ་མི།གཙང་སྦྲ་ཕུལ་བྱུང་འཛིན་གྲྭ།ཕུལ་བྱུང་འཛིན་གྲྭ།ཕུལ་བྱུང་སྡོད་ཤག སྡོད་ཤག་གི་ཕུལ་བྱུང་འགན་འཁུར་བ།བཅས་ཀྱི་ཚན་ཁག་སོ་སོར་གཟེངས་རྟགས་གནངས་བ་ཡིན།

སྤྱིར་བཏང་དུས་ཚོད་ཀྱི་ཁོམ་ལོངས་དབུལ་བས་ཐེངས་འདིའི་དྲུག་གཅིག་དུས་ཆེན་ལ་ལས་ཚན་བཀོད་སྒྲིག་དང་སྟ་གོན་ཅི་ཡང་མེད་ཀྱང་།མཛད་སྒོའི་ལས་ཚན་མ་སྟོང་བའི་ཆ་ནས་ཕྱི་དྲོར་དགེ་སློབ་ཡོངས་ཀྱིས་མཉམ་འབྲེལ་སྒོས་རྩེ་མོ་ཆུང་ངུ་སྣ་མང་ལ་གཞོལ་བ་ཡིན།འདི་ལ་དགེ་མཚན་ཡང་མང་བར་སེམས་ཏེ།གཅིག་ནས་སློབ་མའི་རིག་སྟོབས་སྣ་མང་འཕེལ་རྒྱས་ལ་སྦྱོང་བརྡར་དང་ལག་ལེན་གྱི་གོ་སྐབས་ལེགས་ཤོས་ཞིག་ཡིན།སྤྱིར་སློབ་གསོ་ཞེས་པ་ནི་སློབ་མའི་ཀླད་པའི་ནང་དུ་བེམ་གཟུགས་ཀྱི་ཤེས་བྱ་མང་པོ་ཞིག་བཙན་ཤེད་ཀྱིས་རྫོངས་བ་ཁོ་ན་མ་ཡིན་པར།སློབ་མའི་ལུས་སེམས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཐུབ་པའི་ཁ་ཕྱོགས་ལ་གཞོལ་བའི་སློབ་གསོ་ནི་དུས་རབས་ཀྱི་གནས་བབས་དང་སྤྱི་ཚོགས་ཀྱི་དགོས་དབང་ལ་མཐུན་པའི་མི་གཞི་གསོ་སྐྱོང་ཡིན་པས།གཉིས་ནས་དགེ་སློབ་བར་གྱི་འབྲེལ་འདྲིས་ལ་སྦྱོངས་བརྡར་ཀྱི་ཐབས་ལམ་གཙོ་བོ་ཞིག་ཀྱང་ཡིན།དགེ་སློབ་བར་འབྲེལ་འདྲིས་ཡག་པོ་ནི་སློབ་གསོ་དང་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་བོར་མེད་དུ་མི་རུང་བའི་གནས་ཤིག་རེད།གསུམ་ནས་སློབ་མ་རྣམསལས་ཚན་འཁྲབ་སྟོན་དངོས་སུ་ཞུགས་ན་སློབ་མར་གྲུབ་འབྲས་ཐོབ་སྣང་གི་བསམ་པ་ཡང་སྐྱེ་རུ་འཇུག་ཐུབ་ལ།ལས་ཚན་ལ་དངོས་སུ་རོལ་མྱོང་གི་བརྒྱུད་ལམ་ཡག་ཤོས་ཤིག་ཡིན།

རྩེད་མོའི་ལས་ཚན་བརྒྱད་ཡོད་ལ་སློབ་མ་རང་རང་གིས་རྩེད་མོས་ཡོད་པའི་ལས་ཚན་དུ་ཞུགས་ཆོག་ལ།སློབ་མ་རེ་རེར་ལས་ཚན་དུ་མིང་དགོད་པའི་གོ་སྐབས་གཅིག་ལས་མེད།རྩེད་མོ་སྣ་ཚོགས་ཀྱི་སྐབས་སུ་རྒྱལ་ཁ་ཐོབ་པར་ཟོག་བྱང་གཅིག་ནས་ལྔའི་བར་དུ་ཡོད་ཅིང་།ཟོག་བྱང་ཁྱེར་བྱ་དགའ་ལེན་གནས་རུ་སོང་ནས་བྱ་དགའི་དངོས་པོ་སྣ་ཚོགས་སུ་བརྗེ་ཆོག་བྱ་དགའི་དངོས་པོ་ལ་སློབ་སྦྱོང་གི་ཡོ་བྱད་སྣ་ཚོགས་དང་ལག་གྲུག་རྩལ་ལྭ།ཇ་དེམ།རས་ཨོ་ལོ།དྲོད་སྡོད་ཅ་ནེ་བཅས་སྣ་ཚོགས་ཡོད།བལྟས་ཚོད་དུ་སློབ་མ་རྣམས་ལས་ཚན་འདི་དག་ལ་མོས་པ་ལྡན་ལ་དགའ་བསུ་འཐོབ་བཞིན་འདུག

ཉག་ཆུ་རྫོང་མགོ་ལོག་ས་ཁུལ་བཅའ་སྡོད་སློབ་གྲྭ་ནས།

༢༠༢༠/༦/༡༡