༄༅།། སི་ཁྲོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བློ་བཟང་ཆོས་འཕེལ་ལགས་ངེད་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་དུ་ཕེབས་པ།

བོད་ཀྱི་སློབ་གསོ་བ་འཇིགས་མེད་རྒྱལ་མཚན་མཆོག་གིས།

ནམ་ཞིག་ལ། སློབ་སྦྱོང་བྱས་པ་ལས་བྱེད་ཀྱི་ཆེད་དུ་ཡིན་བསམ་པའི་འདུ་ཤེས་བསྐྱུར་ནས། སློབ་སྦྱོང་བྱས་པ་མི་རིགས་རང་ཉིད་ཀྱི་མ་འོངས་པའི་ཆེད་དུ་ཡིན་བསམ་པའི་སྐབས་དེར་མི་རིགས་འཕེལ་རྒྱས་སུ་འགྲོ་བའི་དབུ་ཚུགས་པ་རེད། ཅེས་གསུངས་པ་ལྟར།

ངེད་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་རིགས་དང་པོའི་སློབ་ཁྲིད་བྱེད་མཁན་དགེ་རྒན་ཚོའི་སློབ་ཁྲིད་ཀྱི་ཆུ་ཚད་མཐོར་འདེགས་དང། སློབ་ཁྲིད་ཁྲོད་ཀྱི་དཀའ་གནད་དོགས་གཅོད་ལ་དམིགས་ཏེ། སི་ཁྲོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བློ་བཟང་ཆོས་འཕེལ་ལགས་གདན་དྲངས་ནས་དགེ་རྒན་ཚོ་ལ་སློབ་སྦྱོང་གི་གོ་སྐབས་ཤིག་དང་། སློབ་སྦྱོང་གི་གོ་རྟོགས་སད་པའི་འཆད་ཁྲིད་རྒྱས་པ་ཞིག་སྤེལ་ཐུབ་སོང་།

རྒན་ལགས་ཀྱིས་སྤྱི་ལོ ༢༠༢༠ ལོའི་ཟླ་བ ༦ པའི་ཚེས ༤ ཉིན་གྱི་སྔ་དྲོར་སློབ་གྲྭའི་ཚོགས་ཁང་ཆེན་མོ་ནས་རིགས་དང་པོའི་དགེ་རྒན་བརྒྱ་ཙམ་ལ་སློབ་ཁྲིད་ཁྲོད་ཀྱི་དཀའ་ཁག་དང་དཀའ་ཁག་སེལ་ཐབས་ཀྱི་གྲོས་བསྡུར་ཞེས་པར་གཞི་བཟུང་ནས་འཆད་ཁྲིད་ཀྱི་སྒོ་འཕར་ཡངས་པོར་ཕྱེས།

ཐེངས་འདིའི་འཆད་ཁྲིད་ལ་རང་སློབ་གྲྭའི་སློབ་དཔྱོད་ཁང་གི་གཙོ་འགན་པ་དགེ་རྒན་བསྟན་པས་མདོ་འཛིན་གནང་བ་དང་། དགེན་བློ་བཟང་ཆོས་འཕེལ་ལགས་ཀྱིས་ཆུ་ཚོད་གཉིས་ཙམ་གྱི་ཡུན་ལ། སློབ་གསོ་ནི་མི་ལ་གོ་རྟོགས་སད་དུ་བཅུག་པའི་ཐབས་རྩལ་ཞིག་ཡིན་པ་ནས་དབུ་བརྩམས་ཏེ། སློབ་གཙོ་དང་དགེ་རྒན་ནི་སློབ་གྲྭ་ཞིག་གི་འབྱུང་འགྱུར་གྱི་གཞི་རྩ་ཡིན་པ་དང་། དགེ་རྒན་ཚོ་ཁྲིད་ཐབས་ལ་མཁས་དགོས་ཤིང་ཁྲིད་གཞིའི་ནང་དོན་ལ་མཁས་དགོས་ལུགས། སློབ་དང་ཁྲིད་ལ་གྲུབ་འབྲས་ཐོབ་དགོས་ན་ངེས་པར་དུ་དགེ་རྒན་ཚོས་ཐོག་མ་རང་ཉིད་ལ་བརྟག་པ། དེ་ནས་སློབ་མ་ལ་བརྟག་པ། དེའི་རྗེས་སློབ་དེབ་ལ་བརྟག་དགོས་པའི་གལ་ཆེ་རང་བཞིན། དགེ་རྒན་ཞིག་ཡིན་ཕྱིན་འགན་ཁུར་དང་། འོས་འགན། བྱམས་བརྩེ་སོགས་བོར་མི་རུང་བར་མ་ཟད། རྒྱུན་པར་དགེ་རྒན་རང་ཉིད་ཀྱིས་ཀྱང་སློབ་སྦྱོང་བྱས་ནས་རིག་གནས་ཀྱི་ཆུ་ཚོད་མཐོར་འདེགས་དང་སློབ་མའི་མིང་དཔེ་རུ་འོས་པ་བྱེད་དགོས་པ། དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་ཁྲིད་ཐབས་ལ་འགྱུར་བ་གཏོང་དགོས་པ་སོགས་གདམས་ངག་གསེར་འདྲ་བ་གནང་ནས་དགེ་རྒན་ཡོངས་ཀྱི་བློ་ཡི་སྒོ་མོ་ཕྱེས།

དེར་མཐུད་ནས་ཚོགས་ཞུགས་དགེ་རྒན་རྣམས་ཀྱིས་བཏོན་པའི་དྲི་བ་རེ་འགའ་ལ་ཐབས་ལ་མཁས་ཤིང་རྩེད་མཚར་ལྡན་པའི་སྒོ་ནས་གནད་ཕིག་ཅིང་ངེས་སླ་བའི་ངང་ནས་དེར་ཡོད་ཀུན་ལ་དྲིས་ལན་ཡིད་ཚིམ་པ་མཛད་སོང་།

མཐའ་རང་སློབ་གྲྭའི་དགེ་རྒན་བསྟན་པ་ལགས་ཀྱིས་དགེ་རྒན་ཆེན་མོ་བློ་བཟང་ཆོས་འཕེལ་གྱི་གསུང་བཤད་ཡོངས་ཕྱོགས་བསྡོམས་དང་རྒན་ཁོ་རང་གིས། མཁས་པའི་གསུངས་པའི།

བརྩེ་སེམས་མེད་ན་སློབ་ཁྲིད་མེད།།

དགའ་ཞེན་མེད་ན་སློབ་སྦྱོང་མེད།།

ཞིབ་ཚགས་མེད་ན་གྲུབ་འབྲས་མེད།། ཟེར་བ་ལྟར་དགེ་རྒན་ཞིག་ཡིན་ཕྱིར་སློབ་མ་ལ་བྱམས་པ་དང་བརྩེ་བ། དགའ་དགོས་པ་རྩ་བ་དང། དགེ་རྒན་ཚོས་ཐབས་བཙལ་ནས་སློབ་མ་རྣམས་སློབ་སྦྱོང་ལ་དགའ་བ་སློང་དགོས་པ། དགེ་རྒན་ཚོས་སློབ་ཁྲིད་ལ་ཞིབ་ཚགས་དང། སློབ་ཁྲིད་གྲ་སྒྲིག་ལ་ཞིབ་ཚགས་དགོས་པའི་རེ་བ་སོགས་བཏོན་ནས་ཐེངས་འདིའི་འཆད་ཁྲིད་རེ་ཞིག་ཉམས་དགའ་བའི་ངང་རྫོགས་ཚིག་བཀོད་དོ།།