ཀུན་སྤྱོད་སློབ་གསོའི་གཏམ་བཤད་བྱ་འགུལ།

Nynbo Danzeng

གཏམ་བཤད་པ། ཁྲོ་བུ་དཔལ་ཆེན།

རེས་གཟའ་ལྷག་པའི་ཕྱི་དྲོོའི་སློབ་གསེང་སྐབས་སུ་སྲིད་དོན་ཁང་གིས་གཙོ་སྒྲུབ་བྱས་པའི་གཟའ་རེའི་ཀུན་སྤྱོོད་སློབ་གསོའི་གཏམ་བཤད་བྱ་འགུལ་སློབ་གྲྭའི་ལུས་རྩལ་ཐང་ཆེན་ནས་སྤེལ།

སློབ་གསོའི་ལས་རྐང་ན་ཉིན་དཀར་གྱི་ཟས་དང་མཚན་མོའི་གཉིད་ཀྱང་བཅག་པའི་དགེ་བའི་བཤེས་གཉེན་རྣམ་པ་དང་མི་ཚེའི་ཕུགས་འདུན་གྱི་བཀྲག་མདངས་རབ་ཏུ་རྒྱས་ཕྱིར་ཤེས་བྱ་རིག་པའི་གནས་ལ་ཤ་འབད་རུས་འབད་བྱེད་ཀྱིན་པའི་ན་ཆུང་གཅེས་གྲོགས་རྣམས་པ་ལགས། ཕྱི་དྲོའི་དུས་བཟང་འདི་ལ་ལྷན་འཛོམས་ཀྱི་བསྐལ་བ་ཤར་བར། ཡིད་སེམས་མགུ་བའི་མགུལ་དར་དང་འཚམས་འདྲིའི་ཁ་གཡང་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན།

སྐབས་འདིར་གླེང་བར་བྱ་བ་ནི་“མི་གཤིས་ཀྱི་སྲོག་ལ་ཐིམ་པའི་ཀུན་སྤྱོད་སློབ་གསོ། ”ཞེས་པའི་ཁ་ཡིག་རྫིག་པོ་ཞིག་ཡིན་པས། ཐོག་མར་ཀུན་སྤྱོད་ནི་ཅི་ཞིག་ཡིན་པ་ཤེས་དགོས་ཏེ། དེ་ནི་ཀུན་ཏུ་སྤྱོད་པ་སྟེ། ལུས་ངག་ཡིད་གསུམ་མམ་དེ་གསུམ་གང་རུང་གི་བྱ་སྤྱོད་དམ་སྤྱོད་ལམ་ལ་ཟེར་བས། རྟོགས་པ་ལྷ་དང་མཉམ་ཡང་།ཀུན་སྤྱོད་མི་དང་མཐུན་དགོས་ཞེས་པའི་བཤད་ཚུལ་ཞིག་ཡོད་པས་ཀྱང་ངོ་གསལ་བོར་འཕྲོད་མི་ཡོང་ངམ། འཇིག་རྟེན་གྱི་བྱ་དངོས་ཐམས་ཅད་ལ་ལེགས་ཉེས་ཀྱི་ངོས་གཉིས་ཡོད་པ་ཇི་བཞིན་དུ། ཀུན་སྤྱོད་ལའང་ལེགས་ཉེས་ཀྱི་ངོས་གཉིས་ཡོད་ལ། དེ་དག་ཀྱང་ལུས་ངག་ཡིད་གསུམ་དུ་བཀར་ནས་བཤད་ན་ཆོག་གི་འདུག

དང་པོར་ལེགས་པའི་ཆ་ནས་འགོ་རྩོམ་པར་བྱ་སྟེ། དེ་ལ་ལུས་ཀྱི་ཀུན་སྤྱོད་ཡག་པོ་ནི་ཆུང་ས་ནས་རང་གི་ལུས་ལ་གོན་པ་གྱོན་སྟངས་གྲ་དག་གཙང་མ་ཚད་ལྡན་ཞིག་ཡོང་བ། ཁ་ལག་དང་རྐང་ལག་གཙང་མར་བཀྲུ་བ། འགྲོ་ལུགས་འདུག་སྟངས་ཕྱིན་ཅི་མ་ལོག་པ། གུས་ལུགས་ལྡན་ཞིང་རོགས་རམ་གྱི་ལས་ལ་ཞུགས་པ། སྤྱི་ཚོགས་དང་སློབ་རའི་ཁོར་ཡུག་གང་དུའང་འགན་ཁུར་ཞིང་སྣེ་སྟོན་གྱི་ལས་ཀ་ལས་པ་སྟེ། བྱ་བ་ཆེ་འབྲིང་ཆུང་གསུམ་གང་ལ་ཐུག་ཀྱང་ཧུར་བརྩོན་ཆེན་པོས་བསྒྲུབ་ཐུབ་པ་བཅས་དང་། གཙོ་བོ་རང་གིས་རང་ལ་བདག་སྐྱོང་བྱས་ཏེ། སྤྱི་ཚོགས་དང་ཕ་མ། མི་རིགས་དང་ས་གནས་ཀྱི་ཁུར་བོ་རུ་འགྱུར་དུ་མི་འཇུག་པ་རྨང་གཞི་བྱས་ནས།གཞན་ལ་ཕན་པ་ཡོད་པའི་བྱ་བ་གང་བཟང་གང་ལེགས་བསྒྲུབ་རྒྱུ་ནི་ལུས་ཀྱི་སྤྱོད་པ་མཆོག་ཏུ་གྱུར་བ་དེ་ཡིན་ནོ།། དཔེ་འགའ་བཞག་ནས་བཤད་ན། དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་རྣམ་འགྱུར་ཡག་པོས་སློབ་ཁྲིད་ལ་ཉན་པ་ནི་ཀུན་སྤྱོད་ཡག་པོ་རེད། སློབ་ཁྲིད་ཀྱི་སྐབས་སུ་དགེ་རྒན་གྱིས་དྲི་བ་དྲིས་ཚེ། ཡར་ལངས་ནས་དྲིས་ལན་འདེབས་པའང་ཀུན་སྤྱོད་ཡག་པོ་རེད། སློབ་གྲོགས་ཤིག་གི་དཔེ་ཆ་དང་འབྲི་དེབ་ས་ལ་ལྷུང་སོང་ན། ཁྱོད་ཀྱིས་དེ་ཉིད་ཡར་ལེན་རོགས་བྱེད་པའང་ཀུན་སྤྱོད་ཡག་པོ་རེད། སློབ་རའི་ཁོར་ཡུག་ནས་རང་གི་གད་སྙིགས་རང་གིས་ཉར་བའང་ཀུན་སྤྱོད་ཡག་པོ་རེད། དྲིན་ཆེན་ཕ་མ་དང་ཁྱིམ་མི་མིང་སྲིང་ཡོངས་ལ་ལས་ཀ་སྣ་གཅིག་ལས་རོགས་བྱེད་པའང་ཀུན་སྤྱོད་ཡག་པོ་རེད ། ཐ་ན་སྤྱོད་ཁང་གི་བཏང་སྣོད་གྲུ་བཞི་དེའི་ཚད་ལ་བཞག་ནས་གཅིན་སྐྱག་གཏོང་བའང་ཀུན་སྤྱོད་ཡག་པོ་རེད།

གཉིས་པ། ངག་གི་སྤྱོད་བཟང་གང་ཡིན་ཞེ་ན། ཁ་འཇམ་ཚིག་འཇམ་གྱིས་དྲིན་ཆེན་ཕ་མ་དང་དགེ་བའི་བཤེས་གཉེན། གྲོགས་དང་ན་ཟླ་ཡོངས་ལ་སྙན་མོ་གཏམ་གྱི་མཆོད་པ་ཕུལ་ཏེ། བདེ་མོ་དོན་གྱི་གོ་བརྡ་སྤྲོད་ཐབས་བྱ་དགོས་པ་ཡིན་པས། ཆེ་བ་བླ་མ་དང་མྱི་དཔོན། དྲིན་ཆེན་ཕ་མ་དང་དགེ་བའི་བཤེས་གཉེན་སོགས་ལ་ཞེ་སའི་མིང་གིས་འབོད་ཅིང་ཡ་ཡ་ཡིན་ཡིན་གྱི་གཏམ་དང་སྐད་ཆ་སྙན་པར་སྨྲ་བ་ནི་ངག་གི་སྤྱོད་པ་མཆོག་ཏུ་གྱུར་བ་ཞིག་ལ་བརྩིས་ཆོག དཔེ་འགའ་བཞག་ནས་བཤད་ན། ཨ་ཕ་ལགས། དེ་རིང་ཁྱོད་ཀྱི་ལུས་ཁམས་དྭངས་པོ་འདུག་གམ་ཞེས་ཁམས་འདྲི་བྱེད་པའང་ཀུན་སྤྱོད་ཡག་པོ་རེད། དགེ་རྒན་ལ་གང་ནས་ཐུག་ན་སྐུ་ཁམས་བདེ་མོ་ཡིན་ནམ་ཞེས་འདྲི་བའང་ཀུན་སྤྱོད་ཡག་པོ་རེད། སློབ་གྲོགས་ཤིག་དང་མཉམ་དུ་རྩེད་མོ་རྩེ་སྐབས། ཕོག་ཐུག་འདྲ་བཏང་བཞག་ན། ཐུགས་རྒྱལ་མ་བཞེངས། ང་ནོར་སོང་བ་རེད་ཅེས་པ་དང་ཡང་ན་ཚོད་མ་ཐུག་པ་རེད་ཅེས་སྨྲ་བའང་ཀུན་སྤྱོད་ཡག་པོ་རེད། སློབ་གྲོགས་ཕན་ཚུན་བར་ལ་དྲི་བ་འདྲི་རེས་བྱས་ཏེ། དྲིས་ལན་ཤེས་སོང་ན་རྒྱུ་མཚན་དང་བཅས་པ་གསལ་བཤད་བྱ་རྒྱུ་དང་གལ་ཏེ་མ་ཤེས་ན།གནས་སྐབས་སུ་མི་ཤེས་པས། རྗེས་སོར་ཤེས་ན་བཤད་ཡོང་ཞེས་པའང་སྤྱོད་པ་ཡག་པོ་རེད། ཕྱི་མྱི་ཆ་མེད་ཅིག་གིས་ལམ་ཞིག་དྲིས་ན་དེ་འབྲེལ་གྱི་ལན་གསལ་བོར་འདེབས་པའང་སྤྱོད་པ་ཡག་པོ་རེད། དགེ་རྒན་ཞིག་གམ་སློབ་གྲོགས་ཤིག ཡང་ན་མི་ཆ་མེད་ཅིག་གིས་ཁྱིམ་ཚང་གི་གནས་ཚུལ་འདྲི་བའམ་ཡང་ན་འཛིན་གྲྭའི་གནས་ཚུལ་འདྲི་བ་གང་ཡིན་ཡང་། རང་གིས་ཤེས་ཚོད་ཀྱིས་ལན་གསལ་བོ་དག་པོ་ཞིག་འདེབས་པའང་སྤྱོད་པ་ཡག་པོ་རེད།

གསུམ་པ། ཡིད་ཀྱི་སྤྱོད་པ་ཡག་པོ་ནི་ཤིན་ཏུ་གལ་ཆེན་ནང་གི་འགངས་ཆེན་ཡིན་ཏེ། ལུས་དང་ངག་ནི་སེམས་ཀྱི་བྲན་གཡོག་ཙམ་ཡིན་པས། ཐོག་མར་སེམས་སུ་ཤར་རྗེས་གཞི་ནས་ངག་ལ་སྐྱོར་བ་དང་། དེ་ནས་ལུས་ཀྱིས་ལག་ལེན་དུ་བསྟར་བ་རེད། དེ་བས། ཡིད་ཀྱི་སྤྱོད་པ་ཡག་པོ་ནི། མི་གཞན་ལ་ཕན་པ་བསྒྲུབ་པའི་བསམ་པ་འཛིན་རྒྱུ་ཡིན་ནོ།།

ཡང་དཔེ་འགའ་བཞག་ནས་བཤད་ན། སློབ་གྲོགས་ཤིག་ལ་ཤེས་བྱ་སྣ་གཅིག་གི་དཀའ་གནད་གྲོལ་རོགས་བྱས་ནས་དེ་ལ་ཕན་ཐོགས་པར་གྱུར་ཅིག་སྙམ་པའང་སྤྱོད་པ་ཡག་པོ་ཞིག་རེད ། ལམ་དུ་ཡོད་པའི་རྡོ་གཅིག་ཡར་བླངས་ནས། དེས་ཀྱང་གཞན་ལ་ཕན་པ་ཅུང་ཙམ་རེ་འབྱུང་བར་གྱུར་ཅིག་སྙམ་པའང་སྤྱོད་པ་ཡག་པོ་ཞིག་རེད །དབུལ་བོ་ཉམ་ཐག་ཅིག་ལ་ཟས་ཁམ་གང་སྟེར་ནས་ཕན་ཐོགས་པར་གྱུར་ཅིག་སྙམ་པའང་སྤྱོད་པ་ཡག་པོ་ཞིག་རེད། གོས་རྐྱང་ཡུག་གཅིག་གཞན་ལ་སྟེར་ནས་དེས་ཀྱང་ཕན་ཐོགས་པར་གྱུར་ཅིག་སྙམ་པའང་སྤྱོད་པ་ཡག་པོ་ཞིག་རེད། ཤོག་དྲིལ་གཅིག་ཐང་ནས་བླངས་ཏེ། དེས་ཀྱང་ཕན་ཐོགས་པར་གྱུར་ཅིག་སྙམ་པའང་སྤྱོད་པ་ཡག་པོ་ཞིག་རེད། དེ་དང་དེ་འདྲ་བར་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཡག་པོ་མང་པོ་མང་པོ་ཞིག་སྐྱོང་རྒྱུ་ཡོད་པས། སློབ་གྲོགས་ཚང་མས། མིག་གིས་གཞན་གྱི་སྤྱོད་པ་ཡག་པོ་ལ་བལྟས་ནས་རང་གི་སྤྱོད་པ་ཡག་པོ་ཡག་པོ་ཞིག་ཏུ་གཏོང་རྒྱུར་ཤུ་རུས་བྱེད་དགོས། སྤྱོད་པ་ཡག་པོ་མང་བོ་ཞིག་བཤད་པའི་ཤུལ་དུ་ལྷག་པ་ནི་སྤྱོད་པ་ངན་པའམ་སྤྱོད་པ་མི་ལེགས་པ་དེ་ཚོ་རེད། དེ་ལའང་གོང་གསལ་སྤྱོད་པ་ཡག་པོ་རྣམས་དང་འདྲ་བར་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་མི་ལེགས་པའང་མང་པོ་ཡོད། དང་པོ་ལུས་ཀྱི་སྤྱོད་པ་མི་ལེགས་པ་ནི་འགྲོ་འདུག་ཉལ་འཆག་གི་སྒང་ན་ཡོད་པ་ཡིན་ཏེ། གོན་པ་གྱོན་སྟངས་ནས་ལམ་ལ་འགྲོ་སྟངས་ཀྱི་བར་ནས་ཀྱང་མངོན་ཐུབ་སྟེ།

དཔེ་འགའ་བཞག་ནས་བཤད་ན་སློབ་ཁྲིད་ཀྱི་སྐབས་སུ་རྐུབ་སྟེགས་སྟེང་དུ་གསེག་འདུག་བྱེད་པའང་སྤྱོད་པ་མི་ལེགས་པ་ཞིག་རེད། དགེ་རྒན་གྱིས་དྲི་བ་དྲིས་ཚེ། འཐད་དང་མི་འཐད་ཀྱི་རྣམ་འགྱུར་གྱིས་ཡར་ལ་དལ་གྱིས་ལངས་པ་འདིའང་སྤྱོད་པ་མི་ལེགས་པ་ཞིག་རེད། ལམ་དུ་འགྲོ་དུས་རིག་རིག་ཐུག་ཐུག་གཉིས་ལ་རྡོ་ཡིས་བརྒྱབ་ནས་བཅག་བཅོམ་བྱེད་པའང་སྤྱོད་པ་མི་ལེགས་པ་ཞིག་རེད། སློབ་རའི་ནང་ནས་སློབ་གྲོགས་ཆུང་ཆུང་སྣབས་ལུག་རྣམས་ལ་ཁ་ལྕག་འགྲམ་ལྕག་བྱེད་པའང་སྤྱོད་པ་མི་ལེགས་པ་ཞིག་རེད། གྱང་རྩ་དང་སྲུབས་ཀ་རིག་ཚད་ཐམས་ཅད་ལ་གཅིན་སྐྱག་གཏོང་བའང་སྤྱོད་པ་མི་ལེགས་པ་ཞིག་རེད།

གཉིས་པ ། ངག་གི་སྤྱོད་པ་མི་ལེགས་པ་ནི། ཁ་ལོག་ཚིག་ལོག་གིས་ཕ་རོལ་གཞན་གྱི་ཉན་འདོད་ཀྱི་ཡུ་ག་རྨང་ནས་བཅོམ་པའི་གཏམ་དང་སྐད་ཆ་ངན་པ་སྐྱུག་བྲོ་བ་གཅིག་རྗེས་གཉིས་མཐུད་ཀྱིས་ཆུ་བཞུར་བཞུར་དང་དར་ཞུ་ཞུ་བྱས་ནས་རྫོགས་རྒྱུ་མེད་པ་དེ་ཡིན།དཔེ་འགའ་བཞག་ནསབཤད་ན་དྲིན་ཆེན་ཕ་མས། པ་ལོ་དང་མ་ལོས་ཚིག་གིས་རྒྱན་ནས་གང་ལ་འགྲོ་རྒྱུ་ཡིན་དྲིས་ན། ལོ་ལོན་ཞིག་ལ་ང་གར་འགྲོ་གང་འདུག་གིས་ཅི་བྱ་རྒྱུ་ཞེས་པ་དང་། དོན་ག་གེ་མོ་ལ་གྲོས་མོལ་བསྡུར་སྐབས ། ལོ་ལོན་ཞིག་ལ་དགོས་པའི་དོན་དག་ཅིག་མ་རེད་ཅེས་ཁ་ལོག་ཚིག་ལོག་རྒྱག་པ་ནི་སྤྱོད་པ་མི་ལེགས་པ་ཞིག་རེད། དགེ་རྒན་ཆེ་གེ་མོས་སློབ་མ་རེ་འགའ་ལ་ཁ་བརྡ་དང་བགྲོ་གླེང་སྣ་ཚོགས་བྱས་ཚེ། མདོ་མེད་ཀྱི་སྐད་ཆ་ཉ་ཉོག་བཤད་པ་ནི་སྤྱོད་པ་མི་ལེགས་པ་ཞིག་རེད། སྐད་ཆ་གཅིག་བཤད་ན་བཀའ་འགྱུར། གཉིས་བཤད་ན་གསེར་ཡུམ། གསུམ་བཤད་ན་དཀོན་མཆོག་གསུམ་ཞེས་པ་སོགས་ཀྱང་སྤྱོད་པ་མི་ལེགས་པ་ཞིག་རེད། སློབ་གྲོགས་ཕན་ཚུན་བར་ལ་དུས་རྒྱུན་མིང་འདོགས་མཚང་འབྲུ་བྱས་ནས་གཟའ་བོ་དང་རྐུ་རྒན། གཏེ་ལོ། སྐྱག་ཞར། ཡུགས་ས་བོ། ཡུགས་ས་མ་སོགས་ཟེར་བའང་སྤྱོད་པ་མི་ལེགས་པ་ཞིག་རེད། གདོང་ལ་བལྟས་ནས་ཁྱོད་བཟང་ཁྱོད་བརྒྱན་ཟེར་ཡང་ལྐོག་ལ་སོང་ནས་འདི་ངན་འདི་ཐུ་ཟེར་བའང་སྤྱོད་པ་མི་ལེགས་པ་ཞིག་རེད།

གསུམ་པ། ཡིད་ཀྱི་སྤྱོད་པ་མི་ལེགས་པ་ནི་སེམས་ཀྱི་གཏིང་ནས་ཡག་ན་མི་དགའ་ཉེས་ན་དགའ་བའི་བསམ་ཚུལ་ངན་པ་ཡོད་པའི་རིགས་ལ་བྱ་སྟེ། དེའང་དཔེ་འགའ་བཞག་ནས་བཤད་ན་། དགེ་རྒན་ཁྲིད་སྟེགས་ནས་ལྷུང་སྟེ་ཐང་ལ་བརྒྱབ་ན་སྙམ་པའི་བསམ་པ་ནི་སྤྱོད་པ་མི་ལེགས་པ་ཞིག་རེད། སློབ་གྲོགས་ཚེ་རིང་གི་གོན་པ་ཡག་པོ་དེ་ཐེད་སོང་ན་སྙམ་པའི་བསམ་པ་ནི་སྤྱོད་པ་མི་ལེགས་པ་ཞིག་རེད། ཁོར་ཡུག་ཡག་པོ་ལ་ཤོག་ལོབ་དང་གད་སྙིད་གཏོར་ན་སྙམ་པའི་བསམ་པ་ནི་སྤྱོད་པ་མི་ལེགས་པ་ཞིག་རེད། སློབ་ཁང་གི་གྱང་ངོས་སུ་སྣག་ཚ་དྲུད་ན་སྙམ་པའི་བསམ་པ་ནི་སྤྱོད་པ་མི་ལེགས་པ་ཞིག་རེད། དྲ་མ་དང་སྐས་སྒམ་གྱི་ལག་སྐྱོར་བཅག་ན་སྙམ་པའི་བསམ་པ་ནི་སྤྱོད་པ་མི་ལེགས་པ་ཞིག་རེད། གང་ས་གང་དུ་གད་སྙིགས་དང་ཁ་ལུད་འཕེན་པར་འདོད་པའི་བསམ་པ་ནི་སྤྱོད་པ་མི་ལེགས་པ་ཞིག་རེད། མི་ཆེ་གེ་མོར་གླེང་ལོག་རྫུན་འདེད་བྱེད་པར་སྙམ་པའི་བསམ་པ་ནི་སྤྱོད་པ་མི་ལེགས་པ་ཞིག་ཡིན།

མདོར་ན། མི་རང་རང་གི་ལུས་དང་ངག་དང་། ཡིད་གསུམ་གྱི་བསམ་སྦྱོར་གང་རུང་གིས་རང་ཉིད་སྐྱེད་སྲིང་དང་སྦྱོང་བརྡར་བྱེད་པའི་ལམ་ཁ་ནས་ཀུན་སྤྱོད་གཙང་བས་གཞན་གྱིས་ཡིད་དུ་འཐད་པའི་མི་ཞིག་ཡོང་རྒྱུ་ནི་གཙོ་བོ་ལས་ཀྱང་འགངས་ཆེན་ཡིན། དེར་བསྟུན་གྱིས་མི་རང་རང་གི་ལུས་དང་ངག་དང་། ཡིད་གསུམ་གྱི་བསམ་སྦྱོར་གང་རུང་གིས་རང་ཉིད་སྐྱེད་སྲིང་དང་སྦྱོང་བརྡ་བྱེད་པའི་ལམ་ཁ་ནས་ཡག་ན་མི་དགའ་ཉེས་ན་དགའ་བའི་བསམ་ངན་སྦྱོར་རྩུབ་ཀྱི་སྤྱོད་པ་ཡོངས་སུ་དོར་རྒྱུ་ལས། ཡ་རབས་མ་རབས་སྤྱོད་པས་ཤེས་ཟེར་བས། བཟང་བོ་ངན་པ་ལ་འཁྲུལ་བའི་དཔེ་ནི་གཏན་ནས་མེད་པས་ཤིན་ཏུ་རབ་ཏུ་རྟག་ཏུ་གཟབ་པར་རིགས་སོ །།

མཐར། འདིར་བཞུགས་དགེ་སློབ་ཡོངས་ཀྱི་གསེར་ལས་ལྷག་པའི་དུས་ཚོད་བེད་སྤྱད་ནས་གསན་བཞེས་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་དང་དེར་བསྟུན་གྱི་ཕན་པའི་དགེ་བ་ཅུང་ཙམ་རེ་འབྱུང་བའི་སྨོན་འདུན་རྣམ་དག་སེམས་ཀྱིས་ཞུ ། བཀྲ་ཤིས་བདེ་ལེགས་ཤོག