དྲུང་ཆེན་བསྟན་པ་དར་རྒྱས་མཆོག་གི་ལོ་རྒྱུས་མདོར་བསྡུས། སྒོ་རབ་རྒྱས།

མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་རང་ཆས་སུ་མངའ་བའི་ཨ་རོལ་དྲུང་ཆེན་བསྟན་པ་དར་རྒྱས་མཆོག་ནི་རེབ་གོང་སྒོ་དམར་སྡེ་བའི་ཕ་བློ་བཟང་ཕུན་ཚོགས་དང་མ་ལྕགས་མོ་ཐར་གཉིས་ཀྱི་སྲས་སུ་1908ལོའི་ཡས་མས་སུ་སྐྱེས། ཁོང་ལ་ནུ་མོ་གཉིས་ཡོད་པ་ལས་ཆེ་བ་ནི་སྤང་མོ་དང་། ཆུང་བ་ནི་སྒྲོལ་མ་མཚོ་ཡིན། ཁོང་གི་སྐྱ་མིང་ལ་ཤ་བོ་ཚེ་རིང་ཟེར་ཞིང་སྡེ་མི་ཚོས་{གྱ་བ}་ཤ་བོར་འབོད། མིང་མགོར་གྱ་བ་ཟེར་དོན་ནི་ཁོང་མིང་སྲིང་གསུམ་མ་སྐྱེས་པའི་སྔོན་དུ་ཁོང་གི་ཕ་མ་གཉིས་ལ་བྱིས་པ་འགའ་སྐྱེས་ཀྱང་མ་བསྡད་པའི་དབང་གིས་རྩིས་པ་ཞིག་ལ་རྩིས་རྒྱག་ཏུ་བཅུག་པ་ན། རྩིས་པས་རྩིས་བརྒྱབ་པ་ལྟར་གཡིས་ཁང་དང་མགར་ཁང་གང་རུང་ཞིག་ནས་སྐྱེ་ན་བཟང་ཚུལ་བཤད་པས། ཟླ་ཁ་གང་ལ་ཉེ་དུས་ཨ་མ་གཡིས་ཁང་ནང་གནས་སྤོས་ཏེ་དེ་ག་ནས་སྐྱེས་པས་བདེ་བླག་ངང་གསོན་ཐུབ་པ་བྱུང་། དེ་ནས་ཁོང་མིང་སྲིང་གསུམ་པོའི་མིང་མགོར་{གྱ་བ་}བཏགས་པར་བཤད། ཁོང་གི་མཚན་ལ་དེ་ལས་གཞན་པའི་འབོད་སྟངས་མི་འདྲ་བ་ཡང་མཆིས་ཏེ།

བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གིས་བརྩམས་པའི་《ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར》དང་།།《ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱི་གསུང་རྩོམ་ཕྱོགས་བསྒྲིགས། 》《སྤྲེལ་རྫོང་དགོན་པའི་གདན་རབས》སོགས་སུ་དྲུང་ཆེན་པ་བསྟན་པ་དར་རྒྱས་དང་། རྗེའི་དྲུང་ཡིག་པ་བསྟན་པ་དར་རྒྱས། དྲུང་ཆེན་སྒོ་དམར་བ་བསྟན་པ་དར་རྒྱས། ཉེ་གནས་བསྟན་པ་དར་རྒྱས་ཞེས་ཆེ་བསྟོད་ཀྱི་མཚན་ཡང་ཡང་བྱུང་བ་དང་། བྲག་དཀར་སྤྲེལ་རྫོང་དང་། རེབ་གོང་གི་མི་དག་གིས་མཚན་དངོས་ནས་མི་བཟུང་བར་ཨ་ཁུ་བྲིས་པ་དང་རེབ་གོང་བྲིས་པ་ཞེས་འབོད་པར་བྱེད། དེ་འདྲ་བའི་མཚན་གྱི་རྣམ་གྲངས་དག་ལ་དཔག་ནའང་སྐབས་ཐོག་དེར་ཁོང་ནི་དམིགས་བསལ་གྱིས་ཡིག་མཁན་སྐད་གྲགས་ཅན་ཞིག་ཡིན་པ་ངང་ངམ་ཤུགས་ཀྱིས་ཚོར་ཐུབ། ཁོང་ཆུང་དུས་ནས་རང་དགོན་སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་དུ་ཚོགས་བཞུགས་གནང་ཞིང་། དགེ་རྒན་ཚང་གི་མདུན་ནས་སུམ་རྟགས་སྙན་ངག་གི་དཔེ་ཁྲིད་ལ་གསན་ཞོར་དང་དགོན་པའི་ཚོགས་འདོན་ཐུགས་འཛིན་གནང་བ་སོགས་བརྩོན་པ་ལྷོད་མེད་གནང་བས་གྲྭ་བ་རྒན་པ་ཚོས་ཀྱང་དམིགས་བསལ་གྱིས་གཟིགས་སྐྱོང་མི་དམན་པ་གནང་བ་དང་། ཞོར་དུ་ལོང་ནམ་ཡོད་ལ་དབུ་ཅན་དབུ་མེད་ཀྱིས་གཙོས་ལན་ཝར་སོགས་ཡིག་གཟུགས་སྣ་མང་ལ་སྦྱངས་པ་མཐར་སོན་པར་བྱས།
བར་སྐབས་ཤིག་ལ་རེབ་གོང་སྐུ་ཕྱོགས་ཆེན་མོའམ་ཨ་རོལ་སྐུ་ཕྲེང་གསུམ་པ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་སྒོ་དམར་ལ་ཕེབས་ཏེ་ཁོང་གིས་བྲིས་པའི་དཔེ་ཆ་འགའ་མཐོང་སྟེ་དེ་འབྲི་མཁན་སུ་ཡིན་དྲིས་པ་ན། གྲྭ་བ་རྒན་པ་འགས་དེ་འབྲི་མཁན་ནི་དགོན་པ་འདིའི་གྲྭ་བ་ཞིག་ཡིན་པ་དང་། ཁོང་ནི་རང་བཞིན་གྱིས་རིག་གནས་དང་ཡིག་གཟུགས་སྐོར་ལ་ཐུན་མིན་གྱི་བག་ཆགས་ཡོད་སྐོར་ཞུས་པར། ཁོང་རྡོ་རྗེ་འཆང་ཧ་ཅང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྟེ་ཁོང་གི་ཡིག་གཟུགས་ལ་བསྟོད་བསྔགས་བླ་མེད་གནང་ཞོར་དེ་འདྲ་ཡིན་ན་རྟེན་འབྲེལ་ཡག་པོ་འདུག ངས་ཀྱང་དྲུང་ཡིག་ཤིག་བཙལ་གི་ཡོད་པ་དང་སྟབས་འགྲིག་པས་ཧ་ཅང་ལེགས། ང་ལ་འདི་ལས་ལྷག་པའི་དྲུང་ཡིག་མི་དགོས་གསུངས་ནས་དགོན་གཞུང་དང་ནང་མི་ཚོར་བཀྲ་ཤིས་པའི་ཁ་བཏགས་ཕུལ་ཏེ་གནང་བ་ཞུས་ནས་དྲུང་ཡིག་ལ་བདམས་པར་བཤད། ཨ་རོལ་རྡོ་རྗེ་འཆང་གིས་ལྔ་རིག་སྨྲ་བ་ཞོ་འོང་དགེ་ལེགས་རྒྱ་མཚོ་ཚང་དྲུང་ཡིག་གཞོན་པར་བསྐོ་བཞག་གནང་དུས་ཀྱང་གོང་དང་མཚུངས་ཚུལ་《ངྷི་ཚ་དགོན་པའི་གདན་རབས》ནང་གསལ་བ་ལྟར་རོ། །
སྡེ་བའི་རྒན་པ་འགས་བཤད་པ་ལྟར་ན། ནོམ་ཆི་མཁན་པོ་ངག་དབང་ཕུན་ཚོགས་ཚང་གིས་ཀྱང་དྲུང་ཆེན་ལགས་ཀྱིས་བྲིས་པའི་གསེར་བྲིས་དང་དངུལ་བྲིས་ཀྱི་དཔེ་ཆ་དང་ལཉྫ་སོགས་མཐོང་བ་དང་། ཐུན་མོང་རིག་གནས་ལའང་མཁས་ཚུལ་མཁྱེན་པ་ན། གྲྭ་བ་དེ་ངའི་དྲུང་ཡིག་ལ་དགོས་པས་ཁྱེད་ཅག་གིས་ཁོང་གི་དགེ་རྒན་དང་དགོན་གཞུང་ལ་གནང་བ་ཞུས་ཏེ་ངའི་གམ་དུ་གདན་འདྲེན་ཐབས་བྱ་དགོས་ཞེས་ནན་ནན་ཏིག་ཏིག་གིས་མདུན་འདུག་པ་དག་ལ་གསུངས་ཀྱང་། ཅང་མ་འགོར་བར་སྐུ་ཕྱོགས་ཨ་རོལ་ཚང་གི་དྲུང་ཡིག་ལ་བདམས་པ་ཚོར་རྗེས། ནོམ་ཆི་མཁན་པོས་རང་གི་མདུན་འདུག་པ་ཚོར་ངས་ཁྱེད་ཅག་ལ་བཤད་པ་ལྟར་སྐབས་ཐོག་དེར་ཁོང་གདན་འདྲེན་བྱས་ཡོད་ཚེ་དོན་དག་འདི་བྱུང་མེད། ད་ནི་ངའི་ལག་ནས་ཤོར་ཟིན་པ་རེད་ཨང་་་་ཟེར་ནས་གམ་གཅར་བ་ཚོར་ཡང་ཡང་གསུངས་སྐད། དུས་དེ་ནས་བཟུང་མི་ཚེ་གང་བོར་ཨ་རོལ་ཚང་གི་དྲུང་ཡིག་ཆེན་མོ་དང་གཉེར་བའི་འགན་གཅིག་ལྕོགས་སུ་བཞེས་སོ།།
ཁོང་གི་ཕྱག་བྲིས་སྐོར་ལ། 《ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར》ནང་། “རྗེ་ཉིད་སྐུ་དངོས་ཀྱི་ཕྱག་གིས་ཉིན་རེར་སྐུ་སུམ་ཅུ་ཙམ་ལ་གཟུངས་གཞུག་ཕུལ་བ་དང་། དེ་རེ་རེ་ལའང་རྒྱུ་ཤུག་པ་ལས་གྲུབ་པའི་སྲོག་ཤིང་ཚད་ལྡན་བཟོས་ཏེ། གསེར་ཆུས་གནས་ཡིག་དང་། གཟུངས་སྔགས་སོ་སོའི་ཡིག་འབྲུ་རྣམས་དྲུང་ཆེན་པ་བསྟན་པ་དར་རྒྱས་ནས་བྲིས་ཤིང་།” ཞེས་དང་། “མགོན་ཁང་ནང་དུ། སྨན་འདམ་ལས་བཞེངས་པའི་རྡོ་རྗེ་འཇིགས་བྱེད། མགོན་པོ་ཕྱག་དྲུག་པ། ཆོས་རྒྱལ། རྣམ་སྲས། ལྷ་མོ། ཇོ་བོ་ཞིང་སྐུ་སོགས་ཀྱི་ལྡེར་སྐུ་ཉིད་ཀྱི་སྐུ་ཚད་དང་མཉམ་པ་བཞེངས། ཆོས་སྐྱོང་འདི་དག་གི་ནང་རྟེན་དུ་རྗེ་ཉིད་ཀྱིས་ཐུགས་བཀོད་ལྟར་དྲུང་ཆེན་པ་དགེ་སློང་བསྟན་པ་དར་རྒྱས་ནས་ཆོས་སྐྱོང་སོ་སོའི་སྲོག་འཁོར་ཐུན་མོང་མ་ཡིན་པའི་སྤེལ་ཚིག་དང་བཅས་པ་མན་ངག་སྙན་བརྒྱུད་ལྟར་བྲིས་རྗེས། རྡོ་རྗེ་འཆང་སྐུ་དངོས་ནས་རབ་གནས་མཛད་དེ་ཆོས་སྐྱོང་སོ་སོའི་གཟུངས་གཞུག་ཏུ་བཞུགས་སུ་གསོལ། ”ཞེས་དང་།《རྗེ་བཙུན་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱི་གསུང་རྩོམ་ཕྱོགས་བསྒྲིགས》ལས། 《རང་རྒྱུད་ཆོས་ལ་སྐུལ་བྱེད་བྱང་ཆུབ་བདེ་ལམ་གྱི་དམིགས་ཁྲིད་གོ་བདེ་བར་བརྗོད་པ་ངོ་མཚར་འོད་ཀྱི་དྲྭ་བ་སྤྲོ་བའི་ཉི་ཟླའི་སྣང་བ་བློ་ཡི་མུན་པ་སེལ་བའི་རྒྱན་ཞེས་བྱ་བ་བཞུགས་སོ།།》ཞེས་བྱ་བའི་མཇུག་བྱང་དུ། “ཡི་གེ་འདུ་བྱེད་པ་པོ་ནི་དད་བརྩོན་བློ་གྲོས་ཀྱི་ནོར་དང་ལྡན་པའི་ཉེ་གནས་སྒོ་དམར་བ་བསྟན་པ་དར་རྒྱས་ཀྱིས་བགྱིས། ”ཞེས་པ་ལས་བྲིས་ཀྱི་སྐོར་རགས་ཙམ་ཤེས་ཐུབ་པ་དང་། རྒན་པ་ཚོས་བཤད་རྒྱུན་ལ། ཁོང་གིས་བྲག་དཀར་སྤྲེལ་རྫོང་དགོན་པའི་ཚོགས་ཆེན་འདུ་ཁང་ནང་དུ་ཉིན་ཞག་གང་མང་ལ་བརྩོན་པ་བསྐྱེད་དེ་མཛེས་པར་བཞེངས་པའི་འཇམ་དཔལ་མཚན་བརྗོད་སུམ་བིད་ཅན་དེ་ནི་ངོ་མཚར་བ་ཞིག་ཡིན་པ་དང་། འདུ་ཁང་འགྲུབ་སྟོན་སྐབས་ཕྱོགས་ཡོངས་ནས་ཕེབས་པའི་དེར་འཁོད་ཀྱི་བླ་སྤྲུལ་དང་དགེ་འདུན་པ་སོགས་སྐུ་མགྲོན་དག་གིས་མགྲིན་གཅིག་དབྱངས་གཅིག་གིས་སྤྲུལ་བའི་ཡིག་མཁན་ཟེར་བ་ནི་འདི་འདྲ་ཞིག་ཡིན་ངེས་ཨང་ཟེར་ནས་བསྟོད་བསྔགས་བླ་མེད་གནང་བ་དང་དུས་དེ་ནས་བཟུང་ཁོང་གི་སྙན་པ་ཕྱོགས་ཀུན་ཏུ་རྒྱས་པར་གྲགས་སོ།། ཁོང་ནི་དབུ་ཅན་དང་། དབུ་མེད། ལན་ཝར་སོགས་གང་བྲིས་ལ་བྱང་ཆུབ་པར་མ་ཟད། བྲིས་ཚད་ཀྱི་སྣག་ལམ་གཙང་བ་དང་། སྙོམས་པ། མཛེས་པ། མགྱོགས་པ་སོགས་བྲིས་ཀྱི་བཟང་པོའི་ཆ་ཀུན་ཡོངས་སུ་རྫོགས་པས་ཀུན་གྱིས་ཚད་དུ་བྱ་འོས་པར་བསྔགས་པ་སོགས་ནི་ཡིད་འཇོག་འཕེར་བའི་གཏམ་དུ་སྣང་ལ། དུས་རྒྱུན་གྲྭ་བ་ཚོས་ཡི་གེ་འབྲི་དུས་བུལ་མགྱོགས་སྐོར་གླེང་སྐབས་ཀྱང་། ཡི་གེ་དེ་འདྲ་མགྱོགས་པ་འབྲི་ཐུབ་པ་ཞིག་ཡིན་དུས། དེ་ཨ་ཁུ་བྲིས་པ་འདྲ་བ་ཞིག་ཡིན་པ་ཐག་ཆོད་བྱེད་ཆོག་ཟེར་ནས་ཀུ་རེ་རྩེ་སྲོལ་ཡོད་པར་གྲགས། ཁོང་གིས་ཆུང་དུས་སྦྱངས་པའི་ཡིག་རྒྱུན་གྱིས་ཡིད་མ་ཚིམ་པར་རེབ་གོང་སྐུ་ཕྱོགས་ཚང་གི་མདུན་ནས་ལན་ཝར་དབུ་ཅན་དབུ་མེད་སོགས་ཀྱི་ཡིག་རྒྱུན་ཆ་ཚང་གསར་དུ་བླངས། ཨ་རོལ་ཚང་གི་ཡིག་རྒྱུན་དེ་ནི་སྐུའི་ཡོངས་འཛིན་དམ་པ་རོང་བོ་བདེ་ཆེན་ཆོས་འཁོར་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་བློ་བཟང་དར་རྒྱས་ཚང་ནས་བརྒྱུད་པའི་རེབ་གོང་གི་ཡིག་རྒྱུན་དེ་ཡིན་པ་རྣམ་ཐར་སོགས་སུ་གསལ། 《ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར》ནང་། “ཨ་རོལ་ཚང་གི་འཆད་རྩོད་རྩོམ་གསུམ་ལས་རྩོམ་གྱི་ཡོན་ཏན་གླེང་སྐབས་ཀྱང་། སྐུ་གཅར་དྲུང་ཆེན་བསྟན་པ་དར་རྒྱས་ནས་མགྱོགས་པར་ཡི་གེར་བཀོད་ནའང་རྗེས་ཆོད་དཀའ་བ་བྲག་ཐོག་ནས་ཆུ་འཕྱོ་བ་ལྟ་བུར་གསུང་རྩོམ་ལ་ཐོགས་པ་མེད་པ་དབྱངས་ཅན་མགྲིན་པའི་འབབ་སྟེགས་སུ་བཞུགས་པའི་རྩོམ་པའི་ཡོན་ཏན་ཁྱད་པར་དུ་འཕགས་པ་ཡིན་ནོ།།” ཞེས་གསུངས་ཚུལ་ལ་དཔག་ནའང་རྣམ་ཐར་བྱེད་པོས་ཀྱང་ཨ་ཁུ་བྲིས་པ་ཁོང་ནི་ཡི་གེ་བྲིས་ན་ཧ་ཅང་མགྱོགས་པའི་ཐད་ལ་ཚད་མར་འཛིན་ཡོད་པ་དྲངས་མ་ཐག་པའི་ལུང་དེའི་ཤུགས་བསྟན་ལས་ངང་གིས་རྟོགས་ནུས་སོ།། ཁོང་གིས་ཕྱག་བྲིས་གང་འདྲ་ཞིག་བཞེངས་ཡོད་མེད་ནི་ཁ་ཚོན་གཅོད་དཀའ་ཡང་།《ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར》ནང་། “དཔེ་རྒྱུན་ཧ་ཅང་དཀོན་པའི་རིགས་མང་པོ་ཡིག་མཁན་མཁས་པ་རྣམས་ལ་འབྲིར་བཅུག་པ་གསུང་འབུམ་རིགས་མི་གཅིག་པ་ཁོ་ན་ཉིས་བརྒྱ་ལྷག་བཅས་ཁྱོན་བསྡོམས་པོད་སུམ་སྟོང་ལྔ་བརྒྱར་བརྒལ་བ་གསར་བསྐྲུན་གནང་།” ཚུལ་གསུངས་ཡོད་པར་གཞིགས་ན་སྐབས་ཐོག་དེར་དྲུང་ཆེན་ཚང་གིས་གཙོར་མཛད་པའི་དྲུང་ཡིག་གཞོན་པ་རྣམས་ཀྱིས་ལོ་ནས་ལོ་དང་ཟླ་ནས་ཟླར་མཐུད་དེ་ཕྱག་བྲིས་ཐད་བྱས་རྗེས་བླ་མེད་བཞག་ཡོད་པ་ནི་རྗེས་དཔག་ཚད་མས་རྟོགས་ནུས་སོ།། ཨ་རོལ་རྡོ་རྗེ་འཆང་ཚང་གི་སྐུ་རྗེས་སུ་འབྲང་བའི་འཁོར་གཡོག་མང་ཙམ་ཡོད་པ་ལས་དྲུང་ཆེན་ཚང་ལ་ཐུགས་རྩིས་བླ་མེད་ཐོབ་ཡོད་པ་ནི། བསེ་ཚང་རྡོ་རྗེ་འཆང་གིས། ཁོང་དཔོན་སློབ་དག་སྒོ་དམར་དགོན་པར་ཕེབས་སྐབས། ། “རྒྱལ་བ་མི་ཕམ་མགོན་པོར་གོས་ཆེན་གྱི་སྟོད་གོས་ཁྱད་དུ་འཕགས་པ་ཞིག་ཕུལ་ཏེ། བསྟན་འགྲོར་སྨན་པའི་དོན་ཆེན་སྤྱི་དང་ཁྱད་པར་དུ་མཐོང་ཐོས་དྲན་རེག་གིས་བསྡུས་པའི་འབྲེལ་ཐོགས་ཐམས་ཅད་མ་འོངས་པར་རྗེ་བཙུན་བྱམས་པའི་འཁོར་གྱི་ཐོག་མར་གྱུར་ནས་ཐར་བའི་ལམ་བཟང་མངོན་དུ་བྱེད་པའི་ཐུགས་སྨོན་གནང་བ་དང་། རྗེ་ཉིད་ཀྱི་དྲུང་ཆེན་སྒོ་དམར་བསྟན་པ་དར་རྒྱས་ཀྱང་སྐུ་འབྲང་དུ་ཕེབས་ཡོད་པས་ཁོས་ཀྱང་རྒྱལ་བ་མི་ཕམ་པའི་སྣང་བརྙན་ལ་ན་བཟའ་ཕུལ་བ་སོགས་དཔོན་སློབ་ཡོངས་ནས་མཆོད་འབུལ་རྒྱ་ཆེར་མཛད་པ་དང་འབྲེལ་བསྔོ་སྨོན་རྣམ་པར་དག་པས་མཚམས་སྦྱར་གནང་། ” ཞེས་པས་མཚོན་པའི་ཡང་ཡང་གསུངས་ཡོད་པ་ལས་ཀྱང་རགས་ཙམ་ཤེས་ནུས་སོ།། ཨ་རོལ་ཚང་དང་དྲུང་ཡིག་ཚང་ཁོང་དཔོན་སློབ་གཉིས་དང་འབྲེལ་བའི་གཏམ་རྒྱུད་ཡ་མཚན་པ་ཡང་མང་ཙམ་ཡོད་དེ། བསེ་རྡོ་རྗེ་འཆང་གིས། “ལོ་འདི་དག་གི་རྗེས་སུ། སྤྲེལ་རྫོང་གི་ཉེ་འདབས་ཧང་གཞུང་གི་ལོ་ཏོག་ལ་རི་བོང་མང་བོས་གནོད་པ་ཆེན་པོ་བྱས་རྐྱེན་ཁྱིམ་པ་ཚོས་ཅི་ནུས་ཀྱིས་རི་བོང་བསད། འོན་ཀྱང་ཅི་ཙམ་བསད་ན་དེ་ཙམ་མང་དུ་སོང་བར་ཁོ་ཚོ་ཐབས་ཟད་དེ་སྡེ་བའི་རྒད་པོ་འགའ་རྗེ་ཉིད་ལ་ལུང་བསྟན་ཞུ་བར་འོངས་ཏེ་སྐུ་མདུན་དུ་ཐོན་མ་ཐག ཁོ་ཚོས་ཅི་ཡང་མ་ཞུས་པའི་སྔོན་དུ། རྗེ་ཉིད་ཀྱི་ཞལ་ནས། ཁྱོད་ཅག་གི་ལོ་ཏོག་ལ་གནོད་འཚེ་གཏོང་བའི་རི་བོང་ཐམས་ཅད་བསད་ཚར་རམ་ཞེས་གསུངས་པ་ན། ཁོ་ཚོར་རི་བོང་གསོད་པའི་ཐབས་བཀོད་སྟོན་མཁན་གྱི་རྒད་པོ་ཞིག་ཡོད་པ་དེ་ཧ་ཅང་སྐྲག་ནས་ཅི་ཡང་ཞུ་མ་ནུས་པར་མཇལ་ཁ་བླངས་མ་ཐག་ནས་ཕྱིར་ལོག དེའི་རྗེས་སུ་བསྡད་པའི་རྒད་པོ་ཁ་ཤས་ཀྱིས་སྔོན་ཆད་ཁོ་ཚོས་སྡིག་སྤྱོད་ཀྱི་ལས་ངན་པ་འདི་འདྲ་བྱས་ཟིན་ཟེར་བཞིན་འགྱོད་བཤགས་དྲག་པོ་བྱས་ཏེ། ཕྱིན་ཆད་དེ་འདྲ་གཏན་ནས་མི་བྱེད་པར་ཁས་བླངས་པ་དང་འབྲེལ། རྗེས་སུ་ལོ་ཏོག་ལ་གནོད་པ་མི་འོང་བའི་ཆེད་དུ་ལུང་བསྟན་ཞུས་པར། རྗེ་ཉིད་ནས། དྲུང་ཡིག་པ་བསྟན་པ་དར་རྒྱས་ལ་ཁྱོད་ཀྱིས་རི་བོང་ཁ་འཆང་གི་སྔགས་ཤིག་རྡོ་ལེབ་ཅིག་གི་སྟེང་དུ་བྲིས་ཏེ་ཁོ་ཚོར་བྱིན། ཁྱོད་ཚོས་ལོ་ཏོག་མཐོང་བའི་ཉེ་འདབས་སུ་གཟུངས་སྔགས་བྲིས་པའི་རྡོ་ལེབ་དེ་འཇོག་དགོས། ཞེས་ཐུགས་བཀོད་གནང་། རྗེས་སུ་ཁོ་ཚོས་ཐུགས་བཀོད་ལྟར་བྱས་རྗེས་ཉིན་ཉི་ཤུ་ཙམ་ཡང་མ་འགོར་བར་རི་བོང་གཅིག་ཀྱང་མི་མཐོང་བར་མ་ཟད་ལོ་ཏོག་ལའང་འབུ་སྲིན་གཞན་གྱི་གནོད་པ་མཐའ་དག་ཀྱང་ཞི་ནས་ལོ་ཏོག་འཕེལ་རྒྱས་ཕུན་སུམ་ཚོགས་པ་བྱུང་བས་སྐྱེ་བོ་ཐམས་ཅད་ཡིད་ཆེས་ཀྱི་དད་པའི་ས་ལ་བཀོད། ” པའི་ལོ་རྒྱུས་དང་། ཡང་ཉིན་ཞིག “ཞང་ཧེ་ཕྱོགས་ཀྱི་ཞ་ཐང་སྡེ་བ་སོགས་ཀྱི་ལོ་ཏོག་ལ་སེར་བའི་གནོད་པ་ཆེན་པོ་རྒྱུན་དུ་བྱུང་བ་རྗེ་ཉིད་ལ་ཞུས་པར། དྲུང་ཡིག་པ་ལ་བཀའ་བཀོད་གནང་བ་ལྟར། རལ་གྲིའི་ངོས་ལ་འཇིགས་བྱེད་ཀྱི་རྩ་སྔགས་དང་སྙིང་བོ་སྤེལ་ཚིག་ཅན་འབྲིར་བཅུག་སྟེ་གནང་བ་ནས་བཟུང་སེར་བའི་གནོད་པ་ཅུང་ཟད་ཀྱང་མ་བྱུང་། ”ཞེས་པ་སོགས་ཡ་མཚན་དངོས་བྱུང་གི་ལོ་རྒྱུས་མང་དུ་ཡོད་མོད་དེ་ཙམ་གྱིས་འཐུས་པར་བྱ།
ཁོང་གི་ཕྱག་བྲིས་སྐོར་ད་ལྟ་ལྷག་ཡོད་པ་ནི། དེང་སྐབས་བྲག་དཀར་སྤྲེལ་རྫོང་དགོན་པར་བཞུགས་པའི་ལོ་རབས་བརྒྱད་ཅུའི་ནང་ཆོས་སྒོ་སླར་ཡང་ཕྱེས་སྐབས་སུ་སུ་རིག་རིན་ཆེན་རྒྱལ་གྱིས་སྔོན་གྱི་བཅའ་ཡིག་རྙིང་བ་བདག་གཉེར་གནང་ཞིང་ཕྱིས་སུ་དགོན་པར་ཕུལ་བའི་བཅའ་ཡིག་ལག་བྲིས་མ་དེ་དང་། <<རང་རྒྱུད་ཆོས་ལ་སྐུལ་བྱེད་བྱང་ཆུབ་བདེ་ལམ་གྱི་དམིགས་ཁྲིད་གོ་བདེ་བར་བརྗོད་པ་ངོ་མཚར་འོད་ཀྱི་དྲྭ་བ་སྤྲོ་བའི་ཉི་ཟླའི་སྣང་བ་བློ་ཡི་མུན་པ་སེལ་བའི་རྒྱན་ཞེས་བྱ་བ་བཞུགས་སོ།།>>ལག་བྲིས་མ་ཕྱིས་སུ་ཤིང་དཔར་ལ་བརྐོས་པ་དེ་དང་། རས་གཞི་སེར་པོ་ཞིག་གི་སྟེང་བྲིས་པའི་ལཉྫ་དང་དབུ་ཅན་གྱིས་བྲིས་པའི་ཡིག་གཟུགས་སོགས་མ་གཏོགས་གཞན་ཁོ་བོས་བཙལ་ཀྱང་རྙེད་མ་བྱུང་ངོ་།། མཐར་1958 ལོར་སྐྱི་གཡའ་བའི་དུས་ཀྱི་རླུང་འཚུབ་ནག་པོ་ཡུལ་གྲུ་གང་སར་གཡུགས་པའི་སྐབས་དེར་བྲག་དཀར་སྤྲེལ་རྫོང་དགོན་པའི་རྒྱབ་རིའི་ལུང་པ་ཞིག་གི་ནང་ཨ་ལགས་དཀར་དམར་དང་། རྐ་སར་རི་ཁྲོད་པའམ་ཨ་ལགས་ཆོ་ལག་སོགས་གྲྭ་བ་རྒན་གཞོན་མང་པོ་ཞིག་དང་ལྷན་དུ་བསད་པ་དང་། སྐབས་དེར་ཁོང་ལ་མེ་མདས་ལྔ་ལྷག་བརྒྱབ་རུང་ས་ལ་མ་འགྱེལ་བའི་དབང་གིས་དམག་མི་ཞིག་གིས་ཁོང་གི་སྟོད་འགག་ཕུད་ཅིང་སྐེའི་སྲུང་འཁོར་བླངས་ཏེ་མེ་མདའ་འཕངས་པས་སྐད་ཅིག་དེ་ཉིད་དུ་གཤེགས་པར་བཤད། {ཆོ་ལག} ནི་ཨ་མདོའི་ཕལ་སྐད་ཞིག་སྟེ། གཡོན་ལག་ཅེས་པའི་དོན།{གྱ} ནི་དོར་སྐད་དེ། གཡིས་བཙགས་ཁང་ལ་གོ།