ཆིག་ལབ་ཀྱི་དགེ་སྐུལ།

བསེ་དོ་རིའི་བུ།

<p>སློབ་གྲྭའི་ར་བའི་ནང་ན།། སློབ་མ་བརྒྱ་འདུས་མང་པོ།། རང་རང་ཁྱིམ་ལ་ལོག་ན་།། གཅེས་ཕྲུག་སྙིང་གི་ནོར་ཡིན།། ཕྲུ་གུ་ཅི་འདྲ་ངན་ཡང་།། ཕ་མའི་སེམས་ཀྱི་རེ་བ།། ཁྱི་དང་བོང་བུ་བཞིན་དུ།། དམའ་འབེབ་བྱེད་ས་མ་རེད།སློབ་མ་རེ་རེའི་སྟེང་ན།། ལེགས་ཆ་ཕྲན་རེ་ཡོད་པས།། བསྟོད་པ་རི་འདྲ་བྱོས་དང་།། ཕན་པའི་འབྲས་བཟང་ཐོན་ངེས།། ནགས་མགོའི་སྤྲེའུ་འདྲ་བ།། པྲ་ཚགས་བྱིས་པའི་དཔེ་ཡིན།། ཀུ་ཡངས་ལན་རེ་གནང་ན།། ཡུན་གྱིས་བསམ་ཤེས་ཉན་འགྲོ། སློབ་མ་ལུ་གུ་ཆུང་ཆུང་།། གཡག་དང་རྔ་མོང་མ་རེད།། རན་པའི་ཁལ་ཞིག་འགེལ་རྒྱུ།། དགེ་རྒན་ཨ་ཇོ་ལོ་ལོ།། དགེ་རྒན་ཟེར་བའི་ཐ་སྙད།། དགེ་བའི་རྒན་པ་ཡིན་པས།། ཡ་རབས་དགེ་བའི་ཕྱོགས་ལ།། བརྩོན་རྒྱུ་ང་ཚོའི་འགན་ཡིན།། སྐར་འབྲས་ཁོ་ན་བཟུང་ནས།། སློབ་མར་གཅར་གི་མ་འདུག། རང་ཉིད་རྒྱ་མར་མཇལ་ན།། ཡང་ལྕི་ག་ཙམ་ཡོད་དམ།། ཁྲིད་བྱ་རྐྱང་རྐྱང་མ་གཏོགས།། འབྲེལ་ཡོད་ཤེས་བྱ་མེད་པས།། དེང་རབས་དགེ་རྒན་ལ་ལ།། བྲག་མགོའི་ར་ཕྲུག་འདྲ་ལེ།། གཅར་རྡུང་ཁོ་ནའི་སློབ་གསོ།། ཕམ་ཁའི་སློབ་གསོ་ལོས་ཡིན།། སློབ་གསོའི་ཐབས་ལ་བརྟག་ན།། མདུན་ལམ་མེད་པ་མ་ཡིན།། བསླབ་ན་མི་ཤེས་སློབ་བུ།། སློབ་གྲྭའི་ཚལ་ན་མེད་ལ།། མི་ཤེས་སློབ་མཁན་མང་པོ།། སྐྱེད་ཚལ་གསེང་ན་མང་གི། རྒྱ་སྐད་མི་ཤེས་སློབ་མ།། དུད་འགྲོ་ཟོག་རེད་ཟེར་བྱུང་།། དགེ་རྒན་རང་གི་ཀུན་སྤྱོད།། ཟོག་ལས་སྡུག་པ་མ་མཁྱེན།། སྐད་དང་མཐུན་པའི་བོད་ཡིག། རང་གི་སྲོག་ལས་གལ་ཆེ།། མ་སློབ་ཟེར་ནི་མེད་དུས།། མི་སློབ་ཟེར་ན་གྱོང་ཡིན།། དབྱིན་ཡིག་གསལ་བྱེད་ཉེར་དྲུག། འཛམ་གླིང་མི་ཡི་སྤྱི་སྐད།། མ་འོངས་མི་ཡི་ནོར་བུ།། མ་བསྐྱུར་མྱུར་མྱུར་སློབ་དགོས།།རྒྱ་ཡིག་རང་རྒྱལ་ཡི་གེ། བྱ་བ་བསྒྲུབ་པའི་ལག་ཆ།། ལས་གཞི་འཚོལ་བའི་ལྡེ་མིག། མ་ཤེས་འཚོ་བའི་དགག་ཡིན།། གྲངས་རིག་མགོ་བོ་ན་བྱེད།། མ་བསླབ་སྐར་འབྲས་ཞན་འགྲོ། སྡུག་གི་ཁུར་བོར་འདོད་ཀྱང་།། བསླབ་ན་རིན་ཐང་ལོས་ཡོད།། རི་མོ་རི་སྐྱེས་མེ་ཏོག། བལྟས་ན་མིག་ལ་ཡག་ཀྱང་།། བྲིས་ན་སྣབས་ལ་དྲུད་ཡོང་།། ཤེས་ན་དགེ་མཚན་ཆེའོ།།གླུ་དབྱངས་སྤྲོ་བའི་སྙན་སྒྲ།། བྱིས་པ་དགའ་བའི་བསླབ་ཚན།། སྤྲོ་སྣང་འཕེལ་བའི་གཞི་མ།། བསླབ་ན་མི་ཚེའི་དགའ་སྤྲོ་།། རྩལ་སྦྱང་ལུས་ཕུང་སྦྱོང་བརྡར།། སྣ་མང་ཤེས་བྱའི་རིག་ཚན།། རང་རང་ཁྱད་ནུས་ལྟར་དུ།། སྦྱང་ན་རིན་ཆེན་ནོར་ཡིན།། གློག་ཀླད་ཤེས་བྱ་གལ་ཆེན།། འཛམ་གླིང་མཐོང་བའི་སྒེའུ་ཁུང་།། དུས་རབས་གསར་བའི་གཞོན་པའི།། མ་སྦྱངས་ཕམ་ཁ་ཆེན་མོ།། ཆབ་སྲིད་བསམ་བློ་ཀུན་སྤྱོད།། གལ་ཆེན་ནང་གི་དོན་ཆེན།། ཀུན་སྤྱོད་བཟང་བོ་མེད་ན།། ཤེས་ཡོན་ཡོད་ཀྱང་རང་ཡིན།། སློབ་ཁང་གྲུ་བཞིའི་ནང་གི། ཁ་པར་རོལ་རྩེད་མཁས་པའི།། དགེ་རྒན་དྲ་འབུ་ནག་རིས།། མགྱོགས་འཕྲིན་རྩེ་ས་མ་རེད།། ཁྱིམ་ཚང་སློབ་གསོ་དབུལ་བོ།། སྤྱི་ཚོགས་སློབ་གསོ་ཐེད་པོ།། སློབ་གྲྭའི་སློབ་གསོ་གཅིག་པོས།། ང་ཚོ་ཡར་རྒྱས་དཀའ་གི།། སློབ་མ་གཙོ་བོར་འཛིན་པའི།། དེང་རབས་ཁྲིད་ཕྱོགས་གསར་བ།།ལག་ལེན་བྱེད་པའི་ཕྱོགས་ལ།། འབད་བརྩོན་བྱས་ན་བཟང་ངམ།། དགེ་རྒན་སློབ་མའི་མིག་དཔེ།། སློབ་མ་རྒན་གྱི་རྗེས་འཛིན།། རྒྱུ་དང་འབྲས་བུའི་འབྲེལ་བ།། མ་བཤད་ན་ཡང་ལོས་ཤེས།། དགེ་རྒན་ལ་ལ་ཞིག་གིས།། སྣ་འཛོམས་དཔེ་ཀློག་མི་བྱེད།། སློབ་མར་རྒྱུས་ལོན་མི་བྱེད།། ཟླ་ཕོག་ཟ་ཐབས་ཙམ་རེད།། མིག་འདུན་བསླབ་བྱ་ཁོ་ནའི།། སློབ་མའི་སྐོམ་པ་མི་སོད།། རན་པའི་དཔེ་ཀློག་མང་ན།། སློབ་མའི་རྣམ་དཔྱོད་རྒྱས་ཐུབ།། དགེ་རྒན་རླབས་ཆེན་ཟེར་ཡང་།། གླ་རྔན་སྐར་འབྲས་ཆེད་རེད།། ཀུན་སློང་རྣམ་དག་བཟུང་ནས།། མི་གཞི་ལེགས་ལམ་འཇུག་དགོས།། འགོ་ཁྲིད་བརྩི་བཀུར་བྱེད་དགོས།། སློབ་མར་བྱམས་སྐྱོང་བྱེད་དགོས།། དགེ་གྲོགས་མཐུན་པ་བྱེད་དགོས།། དེ་ནི་སློབ་གྲྭའི་རྒྱན་ཡིན།། སློབ་གཙོ་སློབ་གྲྭའི་སྲོག་ཅེས།། ཕྱི་གླིང་མཁས་པའི་གསུང་ཡོད།། དེས་ན་སློབ་གཙོའི་འགན་འདི།། གངས་རི་ལས་ཀྱང་ལྗིད་པ།། མི་རིགས་སྙིང་ན་ཡོད་མཁན།། སློབ་མར་ཤ་ཚ་ཆེ་མཁན།། ཕྲུ་གུ་བྱམས་ཀྱིས་འཚོ་མཁན།། སློབ་དཔོན་ཚེ་རིང་ལོ་བརྒྱ།། རང་རིགས་ཕྲུ་གུའི་ཆེད་ལ།། སྙིང་གཏམ་རེ་གཉིས་བཤད་ནས།། སྔོན་ཆད་སྐྱོན་ལ་ཐོགས་མྱོང་།། ད་རུང་ཐོག་ན་ལས་ཡིན།། མེན་ཅ་ལའི: སྟག་འབྲུག</p>