ས་གཡང་ཆགས་གསེར་མོ་ལྗོངས་ཀྱི།

ཆོས་དུང་སྒྲ་ལྷང་ལྷང་གྲགས་པས།

སྒར་ཁྲ་ཁྲ་དུང་དཀར་འདྲ་བོ།

ས་རེབ་གོང་གཡེར་གཤོང་དགོན་རེད།

མ་སེམས་ཅན་སྡུག་བསྔལ་སེལ་མཁན།

རྗེ་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ།

སྐུ་ཐེངས་གཅིག་མཇལ་ན་སྡུག་དག་གི།

གསུང་ལན་གཅིག་ཐོས་ན་ཡིད་དགའ་གི།

རྗེ་བླ་མ་གཙུག་གི་ནོར་བུ་ཁྱེད།

མ་འགྲོ་དྲུག་འདྲེན་པའི་སྐྱབས་མགོན་རེད།

ཨེ་མ། བསྐལ་བ་བཟང་པོ།

དར་དཀར་པོའི་ལྷ་དར་ཁྱེད་ལ་འབུལ།

ས་གཡང་ཆགས་གསེར་མོ་ལྗོངས་ཀྱི།

ཆོས་མེ་ཏོག་ཆར་བཞིན་འབབ་པས།

སྒར་ཁྲ་ཁྲ་མུ་ཏིག་འདྲ་བོ།

དགོན་གཡེར་གཤོང་བསམ་གཏན་གླིང་རེད།

ཆོས་ཡོན་ཏན་ཀུན་གྱིས་ཕྱུག་པས།

རྗེ་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ།

སྐུ་ཐེངས་གཅིག་མཇལ་ན་སྡུག་དག་གི།

གསུང་ལན་གཅིག་ཐོས་ན་སེམས་སྐྱིད་གི།

རྗེ་བླ་མ་གཙུག་གི་ནོར་བུ་ཁྱེད།

མོ་ཉམས་ཆུང་སྐྱོང་བའི་སྐྱབས་མགོན་ཡིན།

ཨེ་མ། བསྐལ་བ་བཟང་པོ།

ངག་གླུ་ཆུང་མཆོད་པ་ཁྱེད་ལ་འབུལ།

པར་ཁུངས།མཆོད་རྟེན།