ཀྲུང་གོའི་ནང་ཁུལ་གྱི་ཏོག་དབྱིབས་ནད་དུག་གི་རླུང་འཚུབ་རེ་ཞིག་དྭངས་པ་དང་མཉམ་དུ། ཐོན་སྐྱེད་དང་འཚོ་བའི་གོམ་འགྲོས་སླར་ཡང་རྒྱུན་ལྡན་དུ་སོང་ཞིང་། ཡུལ་གྲུ་སོ་སོའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཡང་རིམ་པ་བཞིན་སློབ་ཁྲིད་བསྐྱར་གསོའི་ལས་སུ་ཞུགས་པས།རང་རེའི་སློབ་གྲྭའི་དགེ་བཟོ་ཡོངས་ཀྱིས་ཉག་ཆུ་རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱི་རིམས་ནད་སྔོན་འགོག་དང་སློབ་གསོའི་ལས་དོན་བསྐྱར་གསོའི་དགོངས་དོན་ཇི་བཞིན་དཔྱིད་དཔལ་གྱི་མཛེས་སྡུག་དང་ལྷན་དུ་སློབ་གླིང་དུ་དཔེ་ཀློག་དང་ཐོས་བསམ་གྱི་མཁའ་དབུགས་བདེ་ཐང་ཞིག་བསྐྲུན་ཆེད།ཟླ་༣པའི་ཚེས་༣༡ཉིན་ནས་དགེ་བཟོ་ཡོངས་སློབ་གྲྭར་ལོག་ནས་ཉིན་འགའི་རིང་ལ་ཕྱོགས་ཡོངས་ནས་སློབ་གྲྭར་གཙང་སྦྲ་བྱས་ཏེ་སློབ་འགོ་གཟུགས་པར་གྲ་སྒྲིག་གྱ་ནོམ་པ་བྱས་པ་ཡིན།

ཕྱི་ཟླ་༤པའི་ཚེས་༤ཉིན་ནས་བཟུང་སློབ་གྲྭའི་དགེ་བཟོ་ཡོངས་ཀྱིས་ཉིན་བཅུ་ལྷག་གི་དུས་ཚོད་བེད་སྤྱད་ནས་སློབ་གྲྭའི་ཁོར་ཡུག་ལ་ཕྱོགས་ཡོངས་ནས་གཙང་སྦྲ་བྱས་པ་དང་།༼གཙང་སྦྲ་བྱ་ཡུལ་ནི་རྩལ་སྦྱངས་ར་བ།སློབ་མའི་སྡོད་ཤག གསང་སྤྱོད་ཁང་།སློབ་ཁང་གི་སྐས་ཐེམ་དང་བར་ཁྱམས།སློབ་མའི་ཟ་ཁང་།ནུས་ལྡན་ཁང་།༽སློབ་ཁྲིད་སྒྲིག་ཆས་དང་སློབ་གྲྭ་སྤྱིའི་ཁོར་ཡུག་ཀུན་ལ་དུག་སེལ་ནན་པོ་བྱས་པ་ཡིན།

ཚེས་༩ཉིན་ལ་སློབ་གྲྭས་ཚོགས་འདུ་བསྡུས་ཏེ་སློབ་དུས་གཅིག་གི་ལས་དོན་འཆར་གཞི་སྤྱི་བསྒྲགས་བྱས་ལ།སློབ་གྲྭའི་དངོས་ཡོད་གནས་ཚུལ་དང་གཞུག་པའི་མི་སྣའི་བསྐོ་བཞག་དང་སྒྲིག་བཀོད་དག་གསལ་བསྒྲགས་བྱས་མཐར།སྐབས་སུ་བབས་པའི་རིམས་ནད་སྔོན་འགོག་དུས་ཀྱི་སློབ་གཟུགས་མིང་དགོད་སྐབས་ཀྱི་བརྒྱུད་རིམ་བཀོད་སྒྲིག་ལེགས་པར་བྱས།ད་དུང་སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་དང་ཁུལ་སློབ་གསོ་ཅུས་ཀྱི་རིམས་ནད་སྔོན་འགོག་དང་སློབ་ཁྲིད་བསྐྱར་གསོའི་ཐད་ཀྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལ་སློབ་སྦྱོང་བྱས་པ་དང་།ཐེངས་འདིའི་རིམས་ནད་སྔོན་འགོག་གི་རང་སྲུང་ཤེས་བྱ་དག་དམར་ཁྲིད་ཀྱི་སྒོ་ནས་སློབ་སྟོན་གནངས་ལ་དགེ་བཟོ་ཡོངས་ཀྱིས་སློབ་སྦྱོང་བྱས་པ་ཡིན།

དམིགས་བསལ་གནས་སྐབས་ལ་དམིགས་བསལ་བྱེད་ཐབས་ཀྱི་དགོངས་དོན་ལྷུར་བླངས་ཏེ་ཚོགས་འདུའི་བརྒྱུད་རིམ་ཧྲུལ་བོར་དགེ་བཟོ་ཡོངས་ཀྱིས་ཁ་ཤུབས་ཀྱི་གོ་ཆ་བགོས་པ་ཡིན།ཕྱོགས་གཅིག་ནས་རང་ལུས་ནད་སྲུང་དང་ཕྱོགས་གཞན་ནས་སློབ་མ་ཚོར་དཔེ་སྟོན་གྱི་གོ་ཡང་ཆོད་པར་སེམས་སོ།།

ཚེས་༡༠ཉིན་རྫོང་སློབ་གསོ་ཅུས་ཀྱི་འགན་འཛིན་གཞོན་པ་ལིའུ་ཀྭང་ཅེན་དང་རྫོང་རིམས་ནད་སྔོན་འགོག་ལྟེ་གནས།ཟས་རིགས་སྨན་རྫས་དོ་དམ་ཅུས་སོགས་ཀྱི་འབྲེལ་ཡོད་ལས་ཁང་གི་འགོ་ཁྲིད་དག སློབ་གྲྭའི་འཕྲོད་བསྟེན་དང་ཐེངས་འདིའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀའི་ཇུས་གཞི་དང་།རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀའི་འཕྲལ་བསྟུན་སྔོན་ཇུས་བཅས་ཀྱི་ཐད་ནས་སློབ་གཟུགས་ཆ་རྐྱེན་ཚང་མིན་གྱི་དཔྱད་དཔོག་གིས་སློབ་གྲྭའི་ལས་དོན་ཕྱོགས་ཡོངས་ལ་གཟིགས་ཞིབ་གནང་བར་ཕེབས།སྔ་གཞིག་ཏུ་སློབ་མའི་ཟ་ཁང་གི་དོ་དམ་དང་ཟས་རིགས་འཕྲོད་བསྟེན།84དུག་སེལ་གཤེར་ཁུ་དང་ཆང་བཅུད་སོགས་རྫས་འགྱུར་རང་བཞིན་གྱི་དུག་སེལ་ཡོ་བྱད་དག་གི་བསྡུ་ཉར་དང་དོ་དམ་སྐབས་ཀྱི་མངོན་མེད་རྐྱེན་ངན་དག་ལེབ་བཤེར་མཛད་མཐར།ནད་དོགས་ལོག་བཀར་ཁང་དང་དུག་སེལ་ཁང་།རིམས་ནད་སྔོན་འགོག་གི་འཕྲལ་བསྟུན་སྔོན་ཇུས་ཀྱི་ཡིག་ཆ་དང་ལག་ལེན་བྱེད་ཐབས་བཅས་ལ་རྒྱུས་ལོན་བྱས།ཚོགས་འདུ་བསྡུས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་འགོས་མཆེད་ཐད་ལ་གཟབ་དགོས་པའི་རྩ་དོན་གང་མང་སློབ་སྟོན་གནངས་ཤིང་།སློབ་གཟུགས་ཐོ་དགོད་ཀྱི་ཆ་རྐྱེན་ལྡན་ཞེས་པས་རེས་གཟའ་ཟླ་བར་སློབ་འགོ་བསྡུ་རྒྱུའི་བརྡ་ཐོ་ལེགས་པར་སྤེལ་བ་ཡིན།

རྫོང་སློབ་གསོ་ཅུས་དང་འབྲེལ་ཡོད་སྡེ་ཁག་གི་བཀའ་གནང་ཐོབ་མཐར།ཚེས༡༣ཉིན་ཀྱི་སྔ་དྲོ་དུས་ཚོད་༩པར་སློབ་གྲྭའི་སློབ་གཟུགས་ཐོ་དགོད་བྱ་རྒྱུའི་ཐག་བཅད།ཟླ་བཞི་ལྷག་རིང་ལ་སློབ་འགོ་གཟུགས་མ་ཐུབ་པས།སློབ་མ་དང་ཁྱིམ་བདག་མང་པོ་སྔ་མོ་ནས་སློབ་གྲྭའི་སྒོ་ཆེན་ཁར་གྲལ་བསྒྲིགས་ནས་མིང་ཐོ་དགོད་པར་རེ་སྒུག་བཞིན་འདུག མི་ཚོགས་ཀྱི་ཁྲོད་དུ་ད་དུང་ཤང་ཏང་ཨུ་སྲིད་གཞུང་གི་ལས་བྱེད་པ་དང་ཤང་མངག་གཏོང་ཁང་གི་འགན་འཛིན་པ་དག་ཀྱང་ཕེབས་ནས་སློབ་ཚུགས་ཐོ་འགོད་སྐབས་ཀྱི་འགྲིམ་འགྲུལ་དོ་དམ་དང་བདེ་འཇགས་བཅས་ལ་ལྟ་སྐུལ་བྱེད་བཞིན་གདའ།དུས་ཚོད་ལ་སླེབས་པ་ན་མིང་ཐོ་འགོད་འགོ་བཟུང་བ་ཡིན།སྔོན་ཀྱི་བཀོད་སྒྲིག་བཞིན་ཐོག་མར་སློབ་གྲྭའི་སྒོ་ཆེན་ནི་གྲལ་སྒྲིག་སྒུག་གནས་ཡིན་ལ།སློབ་མ་ཚོས་འཚང་རྒྱག་མེད་པར་གཅིག་རྒྱབ་གཅིག་གི་གྲལ་དྲང་མོ་སྒྲིག་ནས་སློབ་གྲྭའི་སྒོ་ཆེན་དུ་འཛུལ་ལ།རིམ་པ་བཞིན་རང་མིང་ཐོ་དགོད་གནས་དང་།དེ་ནས་ལུས་དྲོད་བརྟག་གནས།ལུས་ཡོངས་དུག་སེལ་བྱ་གནས།ཁ་ཤུབས་ལེན་ས།མཇུག་ཏུ་རང་སོ་སོའི་འཛིན་བདག་དགེ་རྒན་གྱི་གནས་སུ་མིང་ཐོ་བཀོད་པ་ཡིན།སློབ་མ་ཚང་མས་རིམ་པ་བཞིན་མིང་ཐོ་བཀོད་ལ།དགེ་བཟོ་ཡོངས་ཀྱིས་རང་འགན་ལྷོད་གཡེང་མེད་པར་བྱ་བ་བསྒྲུབས་པ་ཡིན།ཕྱི་དྲོའི་དུས་ཚོད་༥ཆ་རུ་མཐོ་རིམ་འཛིན་གྲྭའི་མིང་ཐོ་འགོད་པའི་བྱ་བ་ཡོངས་བདེ་བླག་གིས་མཇུག་རྫོགས་པ་ཡིན།

ཕྱི་ཉིན་ཏེ་ཚེས་༡༤སྔ་དྲོའི་ཆ་རུ་དམའ་རིམ་འཛིན་གྲྭ་ཁག་ལས་ལོ་རིམ་དང་པོ་དང་ལོ་རིམ་གཉིས་པའི་འཛིན་གྲྭ་བཞིས་སྔར་གྱི་གོ་རིམ་ལྟར་མིང་ཐོ་བཀོད་པ་དང་།ཕྱི་དྲོའི་དུས་ཚོད་གཉིས་པའི་ཐོག་དགེ་རྒན་བུ་རྣམས་ཀྱིས་སློབ་གྲྭར་སློབ་མའི་སློབ་སྦྱོང་ཁུལ་དང་འཚོ་བའི་ཁུལ་གཉིས་ཡོད་པ་ལས་འཚོ་བའི་ཁུལ་གྱི་ཁོར་ཡུག་ལ་ལྗོན་ཤིང་འདེབས་འཛུགས་བྱས་པ་དང་།དགེ་རྒན་མོ་རྣམས་ཀྱིས་སློབ་མ་ཚོ་ཁྲིད་ནས་ཡང་བསྐྱར་སློབ་གྲྭའི་ཁོར་ཡུན་ཀུན་ལ་གཙང་སྦྲ་བྱས་པ་ཡིན།

མཚམས་འདིར།ཉིན་བཅུ་ལྷག་གི་རིང་ལ་དགེ་བཟོ་ཡོངས་ཀྱིས་སྒྲ་བསྒྲིགས་བྱས་པ་བརྒྱུད།སློབ་ཚུགས་ཐོ་འགོད་བྱས་ནས་སློབ་ཁྲིད་བསྐྱར་གསོའི་ལས་ལ་དངོས་སུ་ཞུགས་པ་ཡིན།འོན་ཏེ།དམིགས་བསལ་གྱི་གནས་སྐབས་འདིར།ནད་ངན་གྱི་ཁ་བ་དུས་ངན་གྱི་འཚུབ་ཡུག་གིས་བཏུམ་ནས་གོ་ལའི་ཁྱོན་ཀུན་སྒྲིབ་པར་བྱེད་ཀྱིན་ཡོད་པས།འབྱུང་འགྱུར་གྱི་རྐྱེན་ངན་དང་དཀའ་ཚགས་ནི་མངོན་མེད་ཡིན་པས་སུས་ཀྱང་དཔོག་པར་དཀའ་ན་ཡང་།ཕ་གཞིས་གངས་ཀྱི་ར་བ་ནས་འཚར་ལོངས་བྱུང་དང་འབྱུང་བཞིན་པའི་གསར་སྐྱེས་ཀྱི་མྱུ་གུ་དག་གི་སྐྱེ་འཕེལ་གོ་རིམ་ཁྲོད་ཀྱི་གེགས་ངན་དང་བར་ཆད་གཡོལ་ཐུབ་རེ་བྱུང་ན།དགེ་བཟོ་ཡོངས་ཀྱིས་རང་གི་གཅེས་པའི་ཚེ་སྲོག་གིས་དབུལ་བ་གཏང་དགོས་ཀྱང་འགྱོད་པར་མི་སྲིད་ལ་འགྱོད་ཀྱང་ག་ལ་ཕོད།

སེམས་ཅན་ནད་པ་ཇི་སྙེད་པ།།

མྱུར་ཏུ་ནད་ལས་ཐར་གྱུར་ཅིག།

འགྲོ་བའི་ནད་རྣམས་མ་ལུས་པ།།

རྟག་ཏུ་འབྱུང་བ་མེད་པར་ཤོག།

སླར་ཡང་མཚན་གྱི་སྨོས་པ་མེད་ཀྱང་གདུལ་བྱ་ཕལ་བའི་སྣང་ངོར་ཤོངས་ཆེད་དོན་ཀྱི་སླད་དུ་ཞི་བ་ལྷ་ཞུ་བའི་ས་བཅུ་ཐོབ་པའི་བྱང་སེམས་ཆེན་མོ་དེའི་འགྲོ་བ་རིས་མེད་ཀྱི་སྨོན་ལམ་རླབས་ཆེ་པོ་འདིའི་དགོངས་གཞག་དེ་ཡིད་ལ་དྲན་བྱུང་།འདིས་འབྲེལ་སེམས་ཅན་ཐམས་ཅད་འཁོར་བའི་ནད་ངན་དང་སྡུག་བསྔལ་གྱི་ཆུ་བོ་ལས་གྲོལ་བར་བྱས་ནས་མཐར་འབྲས་སངས་རྒྱས་ཀྱི་སར་དགོད་པར་ཤོག་ཅིག

ཉག་ཆུ་རྫོང་མགོ་ལོག་ས་ཁུལ་བཅའ་སྡོད་སློབ་གྲྭ།