1ཚེས་གཅིག་གི་མཚན་མོར།
ཚེས་གཅིག་གི་མཚན་མོར
ཕ་ཡུལ་གྱི་བར་སྣང་གི་ཚོན་སྦག་དེ་གས
མུན་པའི་རྣ་བ་གཅོད་རྩིས་བྱེད
ཚེས་གཅིག་གི་མཚན་མོར
སྨྱོས་བུམ་གྱི་ཚུགས་ཀ་རྒྱས་པའི་གཞོན་ནུ་མ་ཞིག་གིས
ཨག་སྐད་ཀྱིས་ཤག་ཆུང་འཁྲོལ་ཚེ
སྔ་གཞུག་གི་ཐིག་ལེ་དེ་ག
འཇུ་མི་འགྲོ་བའི་ཚེས་གཅིག་གི་སྤྲིན་པ་ཡིན 2རང་ཉིད་དཀྲོལ་ཚུལ།
བྱིས་པ་ཞིག་གིས་རང་གི་ཕུགས་བསམ་ཁུར་ཏེ
མ་ཡུམ་གྱི་འཁྲིས་སུ་ཕེབས་ཀྱིན་འདུག
ཆུ་ཕྲན་ཞིག་གིས་རང་དབང་གི་ཅ་ཅོ་སྒྲོག་བཞིན
མཐའ་ཡངས་པའི་རྒྱ་མཚོ་རུ་སྐྱོད་ཀྱིན་འདུག
གནས་བབ་འདི་འདྲ་ཞིག་ནས
ང་ཁོ་ནས་ཤོག་སྒམ་སྟོང་བ་འགའ་དྲུད་དེ
ཡུལ་ལ་འགྲོ་དགོས་བྱུང
3ངེད་ཀྱི་རྨི་ལམ་ནི་ཁྱེད་ཀྱི་ཡང་ངོ་།
ངེད་ཀྱི་བདེ་སྐྱིད་ནི་ཁྱེད་ཀྱི་བདེ་སྐྱིད་ཡིན
ངེད་ཀྱི་རྨི་ལམ་ནི་ཁྱེད་ཀྱི་ཡང་ངོ
ཁྱེད་ཀྱི་སྐྲ་ལོ་ནི་ང་ཡི་མཚན་མོ་ལབ་དུས
སྐད་ངག་དེ་ཅི་འདྲའི་གཉོམ་དུང་དུང་ཞིག་རེད་ཨང
མ་གཞི་ནས་ཁྱོད་ལ་བཤད་འདོད་པ་དེ་མ་ཡིན་ནམ
ཕ་ཡུལ་གྱི་ཚོན་སྦག་སྣ་ཚོགས
བྱིས་པ་ཞིག་གིས་པྲ་ཆལ་གྱི་ཟོལ་གྱིས
ལོ་སར་གྱི་མཚན་མོ་འགད་ཚེ
ཚོན་མདོག་འབར་བའི་སྐད་ཅིག་མར
ཁྱོད་རང་ཅི་ལ་མི་དྲན 4ཧྥ་རན་སི།
ངལ་དུབ་ཀྱིས་མནར་བའི་རང་དབང་ལྷ་མོ
ལོ་ངོ་སྟོང་ཕྲག་ལ་འགྲེང་ཞིང
ཡུས་ཀུའི་རྨི་ལམ་གྱི་སྲོག་རྩར་འཇུག་དུས
ཧྥ་རན་སིའི་ནམ་མཁའ་ནི་མེ་ལོང་ཞིག་སྟེ
མེ་ཏོག་གི་ཆར་ཞོད་འབབ་མི་ཡོང་ངམ་བསམ་ཡོང
5ང་ནི་བྱེའུ་ཆུང་ཞིག་ལ་འཁྲུལ་མྱོང་།
ང་ནི་མཐོང་ལམ་ཡོད་ཚད་རང་ཉིད་དབང་ཞིང
དམིགས་པ་ཡོད་ཚད་རྒྱང་རིང་ལ་ཕྱོགས་པའི
བྱེའུ་ཆུང་ཞིག་ལ་འཁྲུལ་མྱོང
ང་ནི་སྒེའུ་འགྲམ་གྱི་མེ་ཏོག་ཅིག་ལ་ཡང་འཁྲུལ་མྱོང་སྟེ
མེ་ཏོག་དེ་བསིལ་བས་དལ་གྱིས་སྒུལ་ཚེ
གར་མཁན་གྱི་བཟོ་དབྱིབས་ལྟ་བུའི་རྣམ་པ་དེས
ཁོ་ཚོ་ལ་དགོད་སྒྲ་བསླང་ཡོང
དེའི་གཞུག་གི་བྱེའུ་ཆུང་གི་གཤོག་པ་མཉེན་མོ
འོད་ཡོལ་ཞིག་གི་ཚབ་ཏུ་ཁོ་ཚོའི་མགོ་ཐོག་ན
གྲུབ་རིས་ཟུར་གསུམ་མ་འབེབ་སྐད
ང་ནི་བྱེའུ་དང་མེ་ཏོག་མིན་བསམ་མ་མྱོང
6ལང་ཚོའི་གླུ་སྐད།
གནམ་མཐའི་གྲོག་རོང་ནས
ཐུག་ཕྲད་གནང་དགོས་ཟེར་མཁན་དེ་སུ་ཡིན
བདག་གིས་ཞེ་ཚིག་དང་བསྟོད་ཚིག་ཇི་ལྟར་བྱས་ན་མི་སྣང་བར་གྱུར་ཚེ
རླུང་ནག་འཚུབ་ས་ཞིག་ནས
རལ་གྲི་དང་མདེའུ་བཟུང་ནས་སྒུག་ཀྱང་རུང
ལག་མཐིལ་ན་གྱར་བའི་བེམ་གཟུགས
མེ་ལོང་གི་ངོས་སུ་འབྱར་བའི་ཁ་སྐོང་དེ
རྡུལ་ཕྲན་བཞིན་ཟེགས་ཀྱིན་འདུག
དེ་ནི་མྱ་ངན་འཁོར་བའི་ཐན་ལྟས་ལགས
གནས་བབ་འདི་འདྲ་ཞིག་ནས
ལང་ཚོ་དང་གཞོན་སེམས་གླུ་རུ་ལེན་མཁན་ཡོད་དམ
7དངན་པ་མི་ཤོར་ཀ་མེད་རེད།
ཟླ་སྔོན་མ་སྒྱུ་འཕྲུལ་གྱི་ཤོག་བྱ་ཞིག་བཟོས་ནས
རི་དྭགས་གླིང་ཀར་བསྐྱལ་བས
ལྗོངས་ཉུལ་བས་བདག་ལ་ཟུར་ལྔ་ཡི་ཆད་པ་བཅད
ཟུར་ལྔ་དང་འདྲ་བའི་བདག་གི་ཕུགས་བསམ་སྙུགས་རེད་ཟེར་མཁན་སུ
དེ་ནི་གཞན་མ་ཡིན་ཏེ་ཡིད་སྟོན་བོར་བའི་མི་དེའོ
ར་སྐོར་གྱི་མེ་ཏོག མ་ལི་ཀ སེར་ཆེན པད་མ་ཕྱེ་ལེབ་དབྱིབས སེ་རྒོད རེ་རེ་བཞིན་བཏོགས་ནས་ཚར་དགོས
དག་ཞིང་དང་འདྲ་བའི་འདི་ཕྱོགས་ནས
སུ་ལའང་སྤྲོ་སེམས་སྟེར་མི་འདོད
སྐྱེ་དངོས་ཞིབ་འཇུག་པས་ངེད་ཚང་གི་ཁྱི་ཕྲུག་སྙིང་རྗེ་དེ་བརྐུས་ནས་བུད་སོང
ད་ནི་ཡིད་ཆེས་དགོས་ས་དེ་གང་རེད
8གཞུག་ལམ།
རྣམ་རྟོག་དང་བདེན་པ་གང་རུང་གིས
རང་ཉིད་བཞེངས་ཟིན
ཡིན་མིན་བཅོ་བརྒྱད་ཀྱི་གནས་ལུགས་དུ་མ
མེ་ལོང་གི་ངོས་སུ་ཁྱོད་ཀྱིས་ཕབ་ཡོད་ན
ཁེར་རྐྱང་ལྟ་བུའི་འཚོ་བ་འདི་ང་ལ་ལོབས་ཀྱིན་འདུག
བརྩེ་དུང་རྫུན་མ་དེ་མེ་ལ་སྒྲོན་རོགས
གནམ་ཟླ་འདིར
དཔྱིད་དུས་ཀྱི་མཛེས་པ་དེ་སྐད་ཅིག་ཉིད་བོར་ལ་ཉེ
བདག་གི་སྒེའུ་ཁུང་གི་ཡ་ཐོད་ན
རྒྱུས་ཡོད་ཀྱི་བྱེའུ་འགའ་གཤོག་རྩལ་གྱིས་བཟི་བར་བྲེལ
ང་ལ་རང་ཉིད་ཐེག་པའི་གཤོག་སྒྲོ་ཞིག་མེད་ནའང
ངས་ངོ་གདོང་གསར་བ་ཞིག་རྙེད་ཟིན
སྐྱུག་བྲོ་བའི་གཏམ་རྒྱུད་དག་སྙིགས་ཟོམ་དུ་གཏང་རོགས
ང་ཡི་བདག་པོ་ཨ!
9*ནམ་ཞིག ཁྱེད་རང་རྒས་པར་གྱུར་ཚེ།
མཚོ་དང་མཚེའུ་ཞེས་ཉིན་འགའ་འདོན་རྗེས
ཉིན་ཐོ་ཞིག་གྲུབ་ཐུབ
བདག་གིས་དབྱར་ཁ་ཟེར་བའི་དུས་ཚིགས་ཤིག་ལ
མེ་ཏོག་དམར་པོ་འགའ་རྙེད་ཀྱང
མིག་གིས་མཐོང་ས་ནས་རྙིད་སོང
ཁྱེད་ནི་ཤོག་བུའི་གཤོག་པ་ཅན་དེ་མིན་ལ
འབར་ཞུན་ཚོང་མཁན་གྱི་བུ་མོ་དེ་འང་མིན
བྲེལ་འཚབ་འཚུབ་ཀྱིས་བུད་འགྲོ་བསམ་ན
ང་རང་ཞེ་མེར་ཡོང
ནམ་ཞིག ཁྱེད་ཀྱི་མིག་ཟུང་གིས་འོད་སྣང་སྟེར་མི་ཐུབ་ལ
ལྡོག་ཞབས་ཀྱི་ཨར་འདམ་ལྕི་མོས་ཀྱང་ལེ་འདེད་བྱེད་དཔེ
དེ་ནི་ཆེས་སེམས་ཁྲལ་དགོས་ས་ཞིག་རེད
*ཡེ་ཀྲིས་རྩོམ་ཞིག་གི་མིང་ཡིན།