བཟི་ཁ། ལྷ་ཐོག

ལོ་ཟླ་ལགས། ང་རང་ནར་སོན་ན་མི་འདོད། དངོས་གནས་ང་རང་ནར་སོན་ན་མི་འདོད་ལགས། དུས་ཀྱི་འཕོ་འགྱུར་ཁྲོད་ནས། ངས་འདས་ཟིན་པའི་ལོ་ཟླ་མང་པོ་ཞིག་ཡིད་ལ་དྲན་ཏེ་ན་ཟུག་གིས་སྐྱོ་བ་བསླངས་དུས། ང་ལྷག་པར་དུ་ནར་སོང་ན་མི་འདོད། བྱིས་པའི་དུས་སྐབས་ནི་ཧ་ཅང་དྭངས་གཙང་ལྷད་མེད་ཅིག་ཡིན། བྱིས་པའི་སེམས་ལ་ན་ཟུག་མེད་ལ། བྱིས་པའི་སེམས་ལ་གཡོ་ལྷད་མེད། བྱིས་པའི་སེམས་ལ་འཁོན་འཛིན་མེད་ལ། བྱིས་པའི་སེམས་ལ་ཞེ་སྡང་མེད། འོན་ཏེ་བདག་གི་བྱིས་དུས་ཀྱི་སྣང་བ་ཡལ་ནས་ལོ་ཟླ་མང་པོ་རྫོགས་སོང་། འདས་སོང་། འདས་ཟིན་པའི་ལོ་ཟླ་ནི་གཡུགས་ཟིན་པའི་རླུང་བུ་ཞིག་དང་འདྲ་བར། ནམ་ཡང་ཟིན་དུ་མེད་ལ། དེ་བས་བསྐྱར་དུ་ལོག་ཐབས་ག་ལ་ཡོད། ང་ལ་ཡོད་ལ་ནི་འདས་ཟིན་པའི་ལོ་ཟླས་བཞག་པའི་སྐྱོ་བ་དང་ན་ཟུག་རེད། ལོ་ཟླ་ལགས། ཅིས་ཀྱང་ང་རང་ནར་སོན་ན་མི་འདོད། དུས་ནམ་ཡང་བྱིས་པ་ཞིག་དང་འདྲ་བར་ཨ་མའི་སྤང་ལ་རྩེན་ཞིང་ཨ་མའི་གམ་ནས་བྲལ་ན་མི་འདོད། རེད་དེ། ད་ཚང་མ་ཕྱི་དྲགས་སོང་། སྐད་ཅིག་ཙམ་ནས་ལོ་ཟླ་མང་པོ་ཞིག་རྫོགས་ཟིན་འདུག ཅི་ཡིན་འདི་ཡིན་མེད་པར་ལོ་ཟླ་མང་པོ་ཞིག་གིས་ང་རང་ཕོ་ལོ་ཉེར་གཅིག་གི་རྐང་ལམ་ལ་བཞག་འདུག ཕྱིར་ལྡོག་མེད་པའི་ལོ་ཟླ་མང་པོ་ཞིག་གིས་ང་རང་ཉེར་གཅིག་གི་ལམ་ཁ་བསྐྱལ་བྱུང་། ད་ནི་ངས་ཅི་ཞིག་བྱ་དགོས་སམ། ད་ནི་ངས་སུ་ཞིག་ལ་སྐྱབས་འཇུག་ཞུ་དགོས་སམ། ལེ་ལོ་དང་རྣམ་གཡེང་གི་གཟན་པའི་ཅོལ་ཆུང་ང་རང་། སྒྱིད་ལུག་དང་འདོད་རྔམ་ཆེ་བའི་ཕལ་བ་ང་རང་། མི་ཚེ་ལ་རིན་ཐང་ཆེན་བའི་ལམ་ཆེན་བགྲོད་མི་ཐུབ་པར། ཟ་དགའ་ཉལ་སྐྱིད་ཀྱི་མི་ཚེ་ཟད་པ་ཡི་རེ་མུག དོན་རེ་ཆུང་། དགུན་གྲང་ངར་གྱི་ལྭ་བ་གྱོན་པའི་ས་གཞི་ལ། ང་རང་ཁེར་རྐྱང་གི་གདུང་བ་ཁྱེར་ཏེ་ལམ་དུ་བསྐྱོད་དུས། སྣང་ཀློང་དུ་འཆར་བ་ཡོད་ཚད་སྡུག་བསྔལ་རེད་ལ། སེམས་ཀྱི་དྲན་པ་ཡོད་ཚད་ན་ཟུག་རེད། ཀྱེ་མ། ལོ་ཟླ་ལགས། ཁྱོད་ཀྱི་ང་རང་འཁྲིད་དེ་གང་དུ་འགྲོ་བཞིན་ཡོད། ཟད་མཐའ་རྫོགས་མཐའ་མེད་པའི་ཉིན་ལ་ཉིན་བཞག་ཟླ་ལ་ཟླ་བཞག་སྟེ་གང་དུ་འཁྲིད་ཀྱི་ཡོད། འཆི་བ"ཞེས་པའི་ཐ་སྙད་དེས་ང་རང་གང་ནས་བསྒུག་ཡོད་པ་ངས་ཀྱང་མི་ཤེས་ལ། སུས་ཀྱང་རྟོགས་དཀའ་བ་ཞིག་རེད། དོན་ངོ་མ་བཤད་ན། ཁྱོད་ཀྱི་ང་རང་འཆི་ལམ་དུ་ཁྲིད་བཞིན་ཡོད་པ་འདྲ། ང་རང་ལ་ཚོན་ན་འཆི་བ་ལས་སྐྲག་ཆེ་བ་ནི་རྒས་ཤིང་འཁོགས་པའི་དུས་ཚོད་དེ་ཡིན་ཞིང་། ང་རང་མགྱོགས་པ་དེ་རུ་བསླེབ་པ་སེམས་ཁུར་བྱེད་ཀྱིན་ཡོད་པ་འདྲ། ལས་དབང་ཨེ་རེད། ཆོས་ཉིད་ཨེ་རེད། ཡང་ན་དེ་ལས་ལྡོག་སྟེ་འཇིག་རྟེན་བྱེད་པོའི་བཀོད་སྒྲིག་མ་ཡིན་ནམ། ཡང་གཅིག་ཏུ་བཤད་ན། འདས་ཟིན་པའི་ལོ་ཟླ་ནི་ཕྱི་དྲན་གྱི་མེ་ལོང་འབའ་ཞིག་རེད།