༄༅། །ཉ་བྲག་དགོན་པའི་བཀའ་སྲུང་དགེ་བསྙེན་ཆེེན་པོོོོ་

འབུང་ཆུང་སྟག་སྦྲུལ་གྱི་ལོ་རྒྱུས་གསལ་བའི་འོད་མདངས་བཞུགས་སོ།།

( དཔལ་ལྡན་ས་སྐྱ་ཉ་བྲགདགོན )

( དགེ་བསྙེན་ཆེན་པོའི་སྐུ )

སེམས་ཉིད་འོད་གསལ་བླ་མ་ལ། །མཚན་འཛིན་དྲི་མས་མ་གོས་པའི། །འཁོར་འདས་དབྱེར་མེད་ངང་ཉིད་ནས། །འཛིན་མེད་གཡེང་མེད་ཕྱག་འཚལ་ལོ། །གྲག་སྟོང་བསྐུལ་བས་རྐྱེན་གྱིས་ནི། །རིག་སྟོང་ཀློང་ནས་བག་ཆགས་སད། །སྣང་སྟོང་ངང་ནས་འབྲི་བར་ལ། །མཁའ་འགྲོ་ཆོས་སྐྱོང་བཟོད་བཞེངས་ནས། །གནང་བའི་བཀྲ་ཤིས་མེ་ཏོག་རྩོལ། །

ཞེས་མཆོད་བརྗོད་དྲི་མེད་དཀར་པོས་མདུན་བསུས་ཏེ། བཀའ་སྲུང་གི་ལོ་རྒྱུས་བཤད་པ་ལ། སྤྱིར་བསྟན་སྲུང་གི་ལོ་རྒྱུས་ནི་ནམ་མཁའི་མཐའ་ལྟར་བློ་ཡུལ་ལས་འདས་པ་ཡིན་ན་ཡང་། འོན་ཀྱང་བླུན་རྨོངས་སེལ་ཕྱིར་རྒྱ་མཚོའི་ནང་ནས་ཆུ་ཐིག་ཙམ་ཞིག་བརྗོད་པ་ལ། ཐོག་མཐའ་བར་གསུམ་ལས། ཐོག་མར་དང་པོ་བྱུང་ཚུལ་ལ་བཞི་ལས། དང་པོ་གནས་ཡུལ་བཤད་པ་ནི། སྤྱི་བོད་ཁ་བ་ཅན་ལ་སྟོད་མངའ་རིས་བསྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཡོད་པའི་ནང་གསེས། འབྲི་ཟླ་ཟབ་མོ་སྒང་དུ་གཏོགས་པའི་ཏྲེ་ཧོར་བེ་རིའི་ས་ཆ། རག་ལྟག་ལུང་པའི་ཕུ་ལ་གནས་མཆོག་ལྷ་མོ་ཕུག་གི་མདུན་ཞོལ་ན་གནས་ཏེ། སྤྲུལ་སྐུ་སངས་རྒྱས་གླིང་པའི་མཛད་པས་བཀའ་སྲུང་ལྷ་མོ་ཕུག་གི་གནས་ཡིག་ནང་དུ། སློབ་དཔོན་ཆེན་མོས། པདྨ་བརྩེགས་པའི་གནས་མཆོག་ལ། ཞེས་པ་ནས། འཇིག་རྟེན་ལྷ་ཚོགས་མངོན་སུམ་འདུས། །གསུངས་པ་ནི་འཇིག་རྟེན་གྱི་ལྷ་རྡོ་རྗེ་དཔལ་བོ་འདི་རྣམས་ལ་དགོངས་པ་དང་། ཡང་གནའ་སྔ་མོ་བེ་རི་དཔོན་པོ་ཚང་གི་བཀྲིས་དགའ་སྟོན་རྟེན་འབྲེལ་མཆོད་བརྗོད་ཀྱི་མགོར། ཏྲེ་ཤོད་པདྨ་བརྩེགས་པའི་ལྟེ་བ། བཀའ་སྲུང་ལྷ་མོ་ཕུག་གི་མདུན་ཞོལ། ཡུལ་སྐྱོང་གི་ཟོར་དོག་དགེ་བསྙེན་རྡོ་རྗེ་དཔལ་བོའམ། གནས་གཏེར་སྐྱོང་བའི་སྲུང་མ་འབུ་ཆུང་སྟག་སྦྲུལ་གྱིས་སྐྱོང་བའི་གནས་སོགས་གསུངས་པ་ཡིན། མདོར་ན་གནས་ཡུལ་ནི་པདྨ་བརྩེགས་པའི་གནས་མཆོག་ལྷ་མོ་ཕུག་གི་མདུན་ཞོལ་ཡིན་པ་ནི། ལུང་དང་ལོ་རྒྱུས་ཀྱི་ཡིག་ཆ་བཤད་སྲོལ་རྣམས་མཐུན་པ་ཡིན་ནོ། །

( ཏྲེ་ཧོར་བེ་རིའི་མཛེས་ལྗོངས )

( རག་ལྟག་ལུང་པའི་མཛེས་སྡུག )

( བཀའ་སྲུང་ལྷ་མོ་ཕུག་གི་གནས་རི )

གཉིས་པ་བྱུང་ཚུལ་དངོས་བཤད་པ་ནི། དུས་ན་སློབ་དཔོན་ཆེན་མོས་ལུང་བསྟན་པའི། ཧོར་ཏྲེ་ཤོད་པདྨ་བརྩེགས་པའི་གནས་མཆོག་བཀའ་སྲུང་ལྷ་མོ་ཕུག་གི་མདུན་ཞོལ་དུ། རྡོ་རྗེ་བྲག་རིའི་གཟི་བརྗིད་དང་ལྡན་པ་ཡོད་པའི་ནང་ལ་བཙན་གནས་པ་དེ་ཡབ་དང་། དེ་ཡི་མདུན་དུ་མཛེས་སྡུག་ལྡན་པའི་མཚོ་ནང་དུ་ཀླུ་གནས་པ་དེ་ཡུམ་བྱེད་ནས། ཀླུ་བཙན་གཉིས་ཀྱི་སྲས་རྡོ་རྗེ་དཔལ་བོ་མཐུ་སྟོབས་རྫུ་འཕྲུལ་ལྡན་ཞིང་། གདོན་བགེགས་ཐམས་ཅད་འཇིགས་པར་བྱེད་པ་ཁྲོ་ཞིང་གཏུམ་པའི་ཀླུ་བཙན་ཁྲོས་པའི་རང་གཟུགས་སྐྱེ་བ་ཡིན་ཏེ། རིག་འཛིན་མཁའ་སྤྱོད་དབང་མོའི་མཛད་པའི་བསང་ཡིག་ལས། རྒྱལ་བའི་བསྟན་སྲུང་འཇིགས་བྱེད་རྔམ་གཏུམ་འབར། །རྡོ་རྗེ་དཔའ་བོ་ཀླུ་བཙན་ཁྲོས་པའི་གཟུགས། །ཞེས་གསུངས་པ་ཡིན། དེ་ཡང་ངག་རྒྱུན་དང་བསང་ཡིག་གི་ཡིག་ཆ་གཉིས་ཀ་ལས་བྱུང་བ་ཡིན་ནོ། །

( ཕ་ཁྱིམ་དགེ་བསྙེན་བྲག་ )

( མ་ཁྱིམ་གྱུང་དྲུང་མཚོ )

གསུམ་པ་བོན་པོའི་དུས་ནས་ཡོད་ཚུལ་བཤད་པ་ནི། སྤྱིར་བཏང་གི་སྲུང་མ་འདི་ནི་སྔོན་བོན་པོའི་སྲུང་མར་ཡིན་སྙམ་ཏེ། རྡོ་གྲུབ་རིན་པོ་ཆེ་ཀུན་བཟང་གཞན་ཕན་གྱིས་བསང་ཡིག་ལས། །བོན་བན་གཉིས་ཀྱི་ཐ་ཚིག་ཆེ། །མནོས་པའི་ཀླུ་ཡི་དགེ་བསྙེན་ཏེ། །མངོན་རྟོག་འདོད་རྒུར་བསྒྱུར་ནུས་ཀྱི། །ཞེས་གསུངས། དེང་སང་ཡང་རྫ་ཆའི་ཕ་རོལ་དུ་བོན་པོའི་དགོན་པ་གཡུང་དྲུང་གླིང་དུའང་། སྐབས་འགར་སྦྲུལ་ཆུང་ངུར་ཞིག་ཏུ་ཕེབས་ཚུར་ད་ལྟར་དགོན་བདག་ཚེ་དབང་ས་ནས་ལན་མང་ཐོས། ཁོ་རང་ཚང་གིས་དཀོར་བདག་དང་གནས་བདག་གང་རུང་གི་སྤྲུལ་པ་ཡིན་པ་གསལ་པོ་ཤེས་མི་འདུག་ཀྱང་། དེ་ཡིན་རྒྱུ་ནི་རྡོ་རྗེ་དཔལ་བོའི་ཡིན་པ་འདྲའོ། །

བཞི་པ་དགོན་པའི་བསྟན་སྲུང་བྱེད་དུས་བཤད་པ་ནི། ཡང་བླ་མ་གོང་མ་རྣམས་དང་རབ་དཀར་གྲོང་མི་རྒན་རབས་རྣམས་ལས། སྔོན་རབ་དཀར་ཆུ་འདབ་ལ་ཨ་ཉེར་དགོན་པ་ཞེས་བོན་པོའི་དགོན་རྙིང་ཆུང་ངུ་ཞིག་ཡོད། དེ་ནས་ཆུ་བཟང་སྒང་ལ་སྤོ། དེ་ནས་ཉ་བྲག་དགོན་པ་ཡོད་ས་སྤོ་ཚུལ་བཤད་སྲོལ་ལན་མང་ཐོས། དེ་ལྟར་ཡིན་ན་རབ་དཀར་ཆུ་འདབ་བོན་པའི་དགོན་རྙིང་ཡོད་པ་དུས་དེ་ནས་བཟུང་སྲུང་མ་བྱེད་པར་ཡིན་སྙམ། རེ་ཞིག་དཔྱད་གཞི་ཙམ་མོ། ད་དུང་ཡང་སྲུང་མའི་ནུས་པ་དང་ཁྱད་ཆོས་མཇལ་འདོད་ན་བཀའ་སྲུང་ལྷ་མོ་ཕུག་གི་གནས་ཡིག་དང་། བོན་པོའི་ཡིག་ཆ། སློབ་དཔོན་པདྨ་འབྱུང་གནས་ཀྱི་ཡིག་ཆ། རང་དགོན་དང་བེ་རི་སང་གི་ལོ་རྒྱུས་ཡིག་རྙིང་ནང་དུ་ཡོད་ངེས་ཏེ། བསྟན་སྲུང་དང་འབྲེལ་བ་ཆེན་པོ་ཡོད་པ་ཡིན་ནོ།།

( དཀོར་བདག་ལ་རྩེ་༢༠༢༠)

གཉིས་པ་བར་དུ་དཀར་ཕྱོགས་སུ་གྱུར་ཚུལ་ནི། སྤྱི་ལོ་༡༢༧༣་ལོར་སྐུ་འཁྲུངས་པ་སངས་རྒྱས་གཉིས་པ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། རྡོ་རྗེ་དཔལ་བོ་ལ་དགེ་བསྙེན་སྡོམ་པ་གནང་ནས་དཀར་ཕྱོགས་སྐྱོང་བའི་སྲུང་མ་བཀའ་བསྒོས་དམ་བཞག་མཛད་དེ། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས། །སྔོན་ཚེ་རྒྱལ་དང་རྒྱལ་སྲས་རིག་པ་འཛིན། །དཔལ་ལྡན་བླ་མ་མཆོག་རྣམས་བཀའ་བསྒོས་པའི། །ཞེས་སོགས་གསུངས་པ་དང་། བསྟན་འཛིན་རྒྱ་མཚོ་མཆོག་གིས། །སློབ་དཔོན་པདྨའི་བཀའ་བསྒོས་དམ་ཚིག་ཅན། །ཞེས་དང་། བྱ་བྲལ་བ་ཨ་ཡུད་སྐུ་སྐྱེས་ཀྱིས། །གནས་བདག་ཆེན་པོ་འབུང་ཆུང་སྟག་སྦྲུལ་ཞེས། །འཁོར་ཚོགས་རྒྱ་མཚོ་དཀར་ཕྱོགས་སྐྱོང་བ་རྣམས། །སོགས་གསུངས་པ་དང་། སྤྲང་བན་སངས་རྒྱས་རྡོ་རྗེས། ཧོ། སངས་རྒྱས་གཉིས་པ་ཐོད་ཕྲེང་རྩ་སོགས་རིག་འཛིན་བརྒྱུད་པའི་བཀའ་དང་དམ་ཚིག་ལ་གནས་ཤིང་། ཞེས་སོགས་གསུངས་པ་ཡིན། དེ་ལྟར་བཀའ་དང་དམ་ལས་མི་འདའ་བ་བཀའ་སྲུང་གི་ལྷ་ཞི་བ་དང་དྲག་པོའི་སྐུ་མདོག་ཕྱག་མཚན་འཁོར་དང་དཔུང་ཚོགས་སོགས་ནི། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི་སྲུང་མའི་བསྐང་བ་ལ་གཟིགས་དང་། མཇལ་ཚོན་བཞིན་དུ་གསལ་པོ་ཡོད་པའི་འདིར་མ་བྲིས་སོ།།

མཐའ་མ་གསུམ་པ་ལ་གསུམ་ལས། དང་པོ་སྐྱབས་གནས་ཡིན་ཚུལ་ནི། སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི། མདུན་དུ་དབང་ཐོབ་ནས་རྩ་བ་གསུམ་གྱིས་ཁོངས་སུ་འདུས་པ་དང་། ཐུགས་ཆོས་སྐུ་དབྱིངས་ལས་མ་གཡོས་བཞིན་དུ། དམིགས་མེད་སྙིང་རྗེ་ཆེན་པོའི་རང་གཟུགས་བསྟན་འགྲོ་སྐྱོང་བའི་ཞི་ཆགས་ཁྲོ་བོའི་སྐུ་སྟོན་པ་ཡིན་པས། གནས་སྐབས་དང་མཐའ་ཐུག་གི་སྐྱབས་གནས་སུ་གྱུར་སྟེ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས། གཞི་བདག་འདི་པདྨའི་གཏེར་སྲུང་གི་དཀྱིལ་འཁོར་དུ་དབང་ཐོབ་པ་ཡིན་པས་རྩ་བ་གསུམ་གྱི་ཁོངས་སུ་འདུས་པ་ཡིན་གསུངས་པ་དང་། དཀོར་བདག་གི་ཚོགས་ལ་རྩ་གསུམ་ཚོགས་མཆོད་ཞེས་ནས་དཀོར་བདག་ནི་རྩ་གསུམ་ཡིན་པ་གསུངས། མཁས་དབང་ཆེན་པོ་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས། །བདེ་གཤེགས་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །རྒྱལ་བསྟན་སྐྱོང་ཞིང་ཕྲིན་ལས་འགག་མེད་གར། །ཞི་ཆགས་ཁྲོ་བོར་རྣམ་རོལ་གྲངས་མེད་ཀྱིས། །ཐུབ་སྟོན་བསྟན་སྲུང་འཁོར་བཅས་གནས་འདི་བྱོན། །ཞེས་གསུངས་པ་དང་། སྤྱི་ཚོགས་རྙིང་བའི་སྐབས་སུ་ལྷ་བབས་ནས་འཇིག་རྟེན་ལས་འདས་པ། ཉིད་ཀྱིས་ཞལ་བཞེངས་པའི་ཚུལ་སོགས་བཤད་སྲོལ་ཡོད་ན་ཡང་ཡི་གེ་མང་དུ་དོགས་ནས་མ་བྲིས། ལུང་དང་བཤད་སྲོལ་རྣམས་ལ་བརྟེན་ནས་སྲུང་མ་འདི་བཀའ་སྲུང་ཡང་དག་དང། མཐའ་ཐུག་གི་སྐྱབས་གནས་སུ་སྒྲུབ་པ་ཡིན་པའི་མཁས་པ་གཟི་གནས་རྣམས་ཀྱིས་ལེགས་པར་དཔྱད་མཛད་ཞུ།

( དཀོར་བདག་ལ་རྩེ་༢༠༢༡ )

གཉིས་པ་ཕྲིན་ལས་མྱུར་ཚུལ་ནི། དཀར་ཕྱོགས་སུ་གྱུར་བའི་དུས་དེ་ནས་བཟུང་འབུང་ཆུང་སྟག་སྦྲུལ་སོགས། སྤྲུལ་པ་སྣ་ཚོགས་ཀྱིས་སྒོ་ནས་བསྟན་འགྲོའི་དོན་ཆེན་སྒྲུབ་པའི་ཕྲིན་ལས་གློག་ལྟར་མྱུར་ཞིང་། མིང་ཡང་དགེ་བསྙེན་ཆེན་པོ་འབུང་ཆུང་སྟག་སྦྲུལ་ཞེས་བྱ་བར་གྱུར་པ་ཡིན། དགེ་བསྙེན་གྱི་སྡོམ་པའི་མིང་དེ་རང་གནས་བྲག་ལ་ཡང་ཐོགས་ནས། དེང་སང་ཕ་ཁྱིམ་བྲག་ལ་དགེ་བསྙེན་བྲག་དང་། མ་ཁྱིམ་མཚོ་ལ་གྱུང་དྲུང་མཚོ་ཞེས་ཀུན་གྱིས་འབོད། མདོར་ན་དགེ་བསྙེན་གྱི་སྡོམ་པ་ཐོབ་པའི་རྒྱུ་མཚན་གྱིས་དུས་དེ་ནས་དགེ་བསྙེན་ཆེན་པོ་དང་། སེམས་ཅན་གྱི་དོན་ལ་བརྩོན་པ་རྒྱུན་ཆགས་སུ་བྱེད་པ་ན་འབུང་། ཡང་ན་འབུ་ཆུང་དང་བུང་ཆུང་ཞེས་བྱ་སྟེ། སྤྲུལ་པ་འབུ་ཆུང་དང་བུང་བ་སྣ་ཚོགས་སུ་སྟོན་པས་ན་འབུ་ཆུང་དང་བུང་ཆུང་ཞེས་བྱ། སྟག་སྦྲུལ་ནི་སྟག་དང་སྦྲུལ་སོགས་སྤྲུལ་པ་སྣ་ཚོགས་སུ་དངོས་སུ་མཐོང་ཆོས་སུ་གྱུར་པའི་ན་སྟག་སྦྲུལ་ཞེས་བྱ་བ་ཡིན། དེ་ལྟར་སྤྲུལ་པ་སྟོན་པའི་ཚུལ་ནི། སྤྲང་བན་སངས་རྒྱས་རྡོ་རྗེས། ལེགས་ཉེས་མ་འཁྲུལ་བའི་ལུང་བསྟན་ཕྱིར་སྟག་སྦྲུལ་བུང་བའི་རྫུ་བག་དངོས་སུ་བསྟན་ནས་ཞེས་དང་། མཁན་དཔལ་ལྡན་ཆོས་སྐྱོང་གིས། དགེ་བསྙེན་དམ་ཚིག་ཅན་གྱི་ལྷ་། །འབུང་ཆུང་སྟག་སྦྲུལ་ཞེས་བྱ་བ་སོགས་གསུངས་པ་དང་། མདོར་ན་དུས་དེ་ནས་བཟུང་ཕོག་ཐུག་དང་འཁུ་ལྡོག་མི་མངའ་བ། ཅི་གསུངས་བཀའ་བཞིན་སྒྲུབ་ཅིང་ལེགས་ཉེས་ཀྱི་སྟངས་འཛིན་ཞིང་། ལུང་བསྟན་པའི་ཕྱིར་སྤྲུལ་བ་སྣ་ཚོགས་དངོས་སུ་སྟོན་ཞིང་འགལ་རྐྱེན་བཟློག་ཅིང་མཐུན་རྐྱེན་དངོས་བརྒྱུད་ཀྱི་སྒོ་ནས། བསྟན་འགྲོའི་དོན་ལ་མཐུ་རྩལ་རྡོ་རྗེའི་ཐོག་ལས་ཆེ་བ་ཡུལ་མི་རང་གཞན་ཀུན་གྱིས་མིག་གི་དགའ་སྟོན་སུ་གྱུར་པ་འདི་ནི་མཁྱེན་གསལ་ལྟར་ལགས་ཏེ། དེ་ཉིད་ལས། སྤྲུལ་བ་སྣ་ཚོགས་རབ་སྟོན་པ་སོགས་གསུངས་པ་ཡིན། འོ་ན་སྲུང་མའི་སྤྲུལ་བ་རྣམས་ལ་ཁྱད་ཆོས་དང་ལུང་བསྟན་ཚུལ་ཅི་འདྲ་ཞེ་ན། བུང་བ་དང་ཕྱེ་མ་ལེབ་གཉིས་ནི། གཟི་བརྗིད་ལྡན་ཞིང་འབུ་ཕལ་བ་ལས་ལུས་པོ་ཅུང་ཆེ་བ། ཕར་ཚུར་བྱོན་དུས་སྒོ་ཁུང་སོགས་མི་དགོས་པ་འཕུར་སྒྲ་ཆེན་པོ་དང་ལྡན་པ་ཡིན། སྟག་ནི་འོད་མདོངས་ལྡན་པ་བཤད་སྲོལ་ཡོད་ཀྱང་མི་ལ་འཇིགས་སྣང་ཆེ་བའི་ད་ལྟ་མ་སྤྲུལ་བ་མངོན་ནོ། སྦྲུལ་ནི་དབུ་ལ་ནོར་བུ་ཡོད་པ། མཇུག་མ་སྦྲུལ་ཕལ་བ་ལས་ཕྲ་བ། མི་དང་མེ་སོགས་ལ་མི་འཇིགས་པ། སྐད་གཅིག་གི་མདུན་དུ་སྣང་བ་དང་། ཡང་ན་བར་སྣང་ནས་སྦྲང་མ་འཕུར་ཞིང་ས་ལ་འབབ་མ་ཐག་སྦྲུལ་འགྱུར་བ་བཤད་སྲོལ་འདུག །གང་ལྟར་ཡང་མི་ལ་ན་ངོ་ཡོད་ན་སྦྲུལ་གཟུགས་ཀྱིས་ན་ཡིག་འབྲི་བ་དང་། ཁ་མཆུ་ཡོང་ན་ཁ་ཡིག་འབྲི་བ་སོགས་བྱེད་པ་ཡིན། ཡང་བར་ཆད་སོགས་མྱུར་བ་ཡོང་ན་རྩིགས་རྨིགས་བྱོན་པ་ཡིན། རང་སྡེ་སྐད་དུ་སྦྲོག་ཡང་ཟེར། མདོར་ན་སྲུང་མ་བྱོན་ཚར་དུས་ལེགས་ཉེས་རང་གིས་ཤེས་ན་སྒྲུབ། མ་ཤེས་ན་མོ་རྩིས་བྱེད་ན་བཟང་བ་ཡིན། གོང་དུ་བཤད་པ་དེ་རྣམས་ནི་ངག་རྒྱུན་དང་ཡིག་ཆ་རྣམས་ལ་གཞི་བྱེད་ནས་བྲིས་པ་ཡིན་ནོ། །

( སྤྲུལ་པ་འབུང་ཆུང་སྟག་སྦྲུལ )

གསུམ་པ་མཇུག་བསྡུ་ལ་གཉིས་ལས། དང་པོ་བྲིས་པའི་རྒྱུ་མཚན་བཤད་པ་ནི། མདོར་ན་བཀའ་སྲུང་འདི་ནི་བསྟན་འགྲོའི་དོན་ལ་ཐུབ་སྟོབས་རྫུ་འཕྲུལ་འགྲན་ཟླ་མེད་པའི། ཡོན་ཏན་མངའ་བ་འདི་འདྲ་སྲིད་ན་དཀོན་པ་སྣང་བའི་དེས་ན། ལོ་རྒྱུས་འབྲི་འདོད་ཡོད་པ་མ་ཟད། རང་དགོན་གྱི་བླ་མ་ཐུབ་བསྟན་གྱིས་ལོ་རྒྱུས་འབྲི་བ་གལ་ཆེ་ཚུལ་དང་། གྲྭ་ཀརྨ་སོགས་ཀྱིས་ཡང་ཡང་བསྐུལ་བ་དང་། བདག་གི་ཁྱིམ་རྒྱུད་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པའི་འཁྲུངས་ལྷ་ཡིན་པ་ཟླ་བཟང་གི་ཡིག་ཆ་ནང་གསུངས་ཞིང་། རང་ཉིད་ད་ལོ་བསྟན་བདག་ཡང་ཡིན་པས་ཕྲག་ཐོག་བབས་པའི་ལས་འགན་ཞིག་ཀྱང་རེད་འདུག་པའི། དེས་ན་བདག་གིས་དགེ་སློང་ཟླ་བ་བཟང་པོས་རྩམ་པའི་རྡོ་རྗེ་དཔལ་བོས་རྟོགས་བརྗོད་དང་། སྔོན་བྱོན་དམ་པ་རྣམས་ཀྱིས་གསུངས་བསྐང་བ་རྣམས་དང་། བླ་མ་གོང་མ་རྣམས་དང་ཡུལ་མི་རྒན་རབས་ཀུན་གྱིས་བཤད་སྲོལ། སྲུང་མས་བསྟན་འགྲོའི་དོན་ལ་མྱུར་མགྱོགས་མཐུ་རྩལ་ཆེ་བ། མངོན་སུམ་ཡུལ་དུ་གྱུར་བ་རྣམས་ལ་ལེགས་པར་དཔྱད་ནས་བསམ་གཏན་གྱིས། ཀརྨ་པ་དུས་གསུམ་མཁྱེན་པའི་ཕ་ཁྱིམ་དུ་སྤྱི་ལོ་༢༠༢༠ ༢ ༢༣ ལ་བྲིས་པ་ཡིན་ནོ།།

( ཉ་བྲག་དགོན་པའི་ཡུལ་ལྗོངས )

( རང་དགོན་གྱི་དགེ་འདུན་ཁ་ཤས )

( བསམ་གཏན )

གཉིས་པ་སྨོན་ལམ་དང་བཀྲ་ཤིས་ནི།

འདི་བྲིས་དགེ་བ་དྲི་མེད་དེས། །འཁྲུལ་སྣང་སྡུག་བསྔལ་མ་ལུས་པ། །གཞི་དབྱིངས་ཀློང་དུ་ཞི་གྱུར་ནས། །གཉུག་མའི་རང་ཞལ་མཇལ་བར་ཤོག །བསླུ་མེད་མཆོག་གསུམ་བྱིན་མཐུ་དང་། །བསླུ་མེད་ཆོས་ཉིད་བདེན་སྟོབས་ཀྱིས། །བསླུ་མེད་ལྷག་བསམ་དག་པའི་མཐུས། །བསླུ་མེད་སྨོན་ལམ་འགྲུབ་པར་ཤོག །བྱིན་རླབས་སྩོལ་མཛད་བླ་མ་དང་། །དངོས་གྲུབ་མཆོག་སྩོལ་ཡི་དམ་ལྷ། །བར་ཆད་ཀུན་སེལ་མཁའ་འགྲོ་དང་། །ཆོས་སྐྱོང་རྣམས་ཀྱིས་བཀྲ་ཤིས་ཤོག །དགེ་འོ། །ཉ་བྲག་དགོན་གཞུང་ནས་ཕྱོགས་བསྒྲིགས་བྱེད་དོ།། །།