སློབ་དཔོན།

སྐུ་ལ་མཚན་དཔེའི་དཔལ་འབར་སྟོང་དང་ལྡན།།

གསུང་དབྱངས་ཡན་ལག་དྲུག་ཅུས་རབ་རྒྱན་པ།།

ཐུགས་ནི་ཟབ་པས་ཡང་དག་མཁྱེན་བརྩེའི་གཏེར།།

སློབ་དཔོན་དམ་པའི་ཞབས་ལ་གུས་ཕྱག་འཚལ།།

གང་གི་མཁྱེན་དཔྱོད་ཀུན་གསལ་ལམ་ཡངས་དང་།།

བྱམས་དང་སྙིང་རྗེའི་ལྷག་བསམ་དག་པའི་དཔལ།།

འགྲོ་བ་ཀུན་ལ་མ་ལྟར་བྱམས་ཀྱིས་བསྐྱངས།།

བཀྲ་ཤིས་དོན་གྲུབ་ཞབས་ལ་གུས་ཕྱག་འཚལ།།

ཁྱོད་ཐུགས་ཟབ་པས་རིན་ཆེན་འབྱུང་གནས་དང་།།

སྙིང་སྟོབས་ཆེ་བས་གླིང་གི་རྒྱལ་ཚ་དང་།།

བདག་ལས་གཞན་གཅེས་སྤྱན་རས་གཟིགས་དབང་ཡི།།

བཀྲ་ཤིས་དོན་གྲུབ་ཞབས་ལ་གུས་ཕྱག་འཚལ།།

མི་རིགས་ཤིག་གི་སྲོག་རྩ་ཕྲ་མོ་དེ།།

ཆད་དུ་མི་བཅུག་དམ་པོ་འཛིན་བྱེད་པ།།

གངས་ལྗོངས་གཙུག་ལག་གོང་དུ་གཏོང་མཁན་ཏེ།།

བཀྲ་ཤིས་དོན་གྲུབ་ཞབས་ལ་གུས་ཕྱག་འཚལ།།

གངས་ལྗོངས་གཙུག་ལག་མ་ངོར་ཉམས་པའི་དུས།།

འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་དམ་པ་ཁྱེད།།

བོད་ཀྱི་རང་གཤིས་དྲང་པོ་གནས་པ་ཡི།།

བཀྲ་ཤིས་དོན་གྲུབ་ཞབས་ལ་གུས་ཕྱག་འཚལ།།

གང་གི་གདམས་ངག་བདུད་རྩི་སྦྲང་ཆར་གྱིས།།

ན་གཞོན་ལྗང་ཆུང་མེ་ཏོག་བཞད་ལྡན་པས།།

དཔག་བསམ་རྐང་ཐུང་དགོས་འདོད་ཀུན་འབྱུང་སྟེ།།

བཀྲ་ཤིས་དོན་གྲུབ་ཞབས་ལ་གུས་ཕྱག་འཚལ།།

དམ་པ་ཁྱེད་ཀྱིས་དཀའ་སྤྱད་ཁྱད་གསོད་ངང་།།

བསླབ་བྱ་གདམས་ངག་མ་ནོར་ཡང་དག་སྟོན།།

བདག་བློའི་གཏི་མུག་མུན་པ་འཇོམ་མཛད་པས།།

བཀྲ་ཤིས་དོན་གྲུབ་ཞབས་ལ་གུས་ཕྱག་འཚལ།།

དམ་པ་ཁྱེད་ཀྱི་བསླབ་བྱ་རེ་བ་རྣམས།།

སློབ་བུ་ཁོ་བོས་མ་ལུས་ཡིད་ལ་འཛིན།།

དེ་ཚོ་འགྲུབ་པའི་སྨོན་ལམ་འདེབས་བྱེད་པས།།

བཀྲ་ཤིས་དོན་གྲུབ་ཞབས་ལ་གུས་ཕྱག་འཚལ།།

གང་གི་དྲིན་གྱིས་མ་ནོར་ལམ་ལ་སླེབས།།

བེམ་པོའི་ལུས་ལ་རིགས་ཀྱི་རྣམ་ཤེས་ཞུགས།།

སྙིང་གསོན་འདི་ཉིད་ཐོབ་པས་དྲིན་ཆེ་བས།།

བཀྲ་ཤིས་དོན་གྲུབ་ཞབས་ལ་གུས་ཕྱག་འཚལ།།

དུས་གསུམ་ལམ་སྟོན་རིན་ཆེན་སྒྲོན་མ་ཡི།།

འོད་ཀྱིས་རྒྱལ་བའི་བསྟན་དང་མཇལ་བྱུང་བས།།

སྡུག་བསྔལ་དག་ཅིང་བདེ་སྐྱིད་བདེ་ལྡན་པས།།

བཀྲ་ཤིས་དོན་གྲུབ་ཞབས་ལ་གུས་ཕྱག་འཚལ།།

ཁྱེད་ཀྱིས་གནང་བའི་རིན་བྲལ་གཞུངས་ལུགས་རྣམས།།

མ་ལུས་རྒྱུན་འཛིན་དར་སྤེལ་གཏོང་བ་དང་།།

གངས་ལྗོངས་གཙུག་ལག་མེ་ཏོག་བཞད་པའི་ཆེད།།

རང་ནུས་ཡོད་དགུ་གངས་ལྗོངས་འདི་ལ་འབུལ།།

༉སྤྱི་ལོ་༢༠༡༩ལོ་ཟླ་བ་༦པའི་ཚེས་༢༨ཉིན་བསྟན་འཛིན་ལྷུན་འགྲུབ་ཀྱིས་བྲིས་པའོ།།