སྐད་ཡིག་ལགས།

ཁྱེད་ནི་མཁས་མཆོག་ཐོན་མིའི་རིག་པའི་སྤུ་གྲི་ལས་འཁྲུངས་ཤིང་སྔོན་བྱོན་ལོ་པཎ་རྣམས་ཀྱི་ཤེས་རབ་བརྟེན་ནས་འཚར་ལོངས་བྱུང་།

ཁྱེད་ནི་ངའི་གངས་ལྗོངས་མི་དམངས་ཀྱི་གཟིགས་བརྗིད་ཡིན་ལ་སྲོག་རྩ་ཡང་ཡིན།

ཁྱེད་མེད་ན་གངས་ཅན་བོད་ཞེས་པའི་ཐ་སྙད་ཀྱིས་རྔ་སྒྲ་ཇི་ལྟར་སྒྲོ།

ཁྱེད་མེད་ན་ལྔ་རིག་གི་བཀྲ་མདངས་ཇི་ལྟར་རྒྱས།

ཁྱེད་མེད་ན་སྡེ་སྣོད་གསུམ་ཡང་བེམ་པོའི་ཕུང་པོ་རུ་འགྱུར་བ་ནི་ཐེ་ཚོམ་གྱི་ཆིང་ལས་གྲོལ་ཚར།

དེ་རིང་ངས་བོད་རིགས་མི་དམངས་རྣམས་ཀྱི་འགྲོ་འདུག་བསྐྱོད་གསུམ་གྱི་རྣམ་པ་དེ་མཐོང་དུས་སེམས་ལ་རང་ཤུགས་ཀྱིས་འཇིགས་སྐྲག་གི་ཐོ་རླུང་ཞིག་ལྡང་།

བོད་རིགས་དུ་མ་གནས་པའི་ཁྲོམ་གཞུང་དུ་ར་མ་ལུག་གི་སྐད་མདངས་ཀྱིས་ཁེངས།

ཟ་ཟུར་གང་སར་ནས་ཁྱིས་ཟུག་ནང་རྨུར་གྱི་ངར་སྐད་རྣ་ལམ་ནས་བྲལ་བ་མེད།

མི་དེ་མཚོར་མཚོན་ན་མི་གཞི་ཀུན་སྤྱོད་མེད་པ། བསམ་བློ་ཕུགས་འདུན་མེད་པ། མི་རིགས་ཀྱི་ལ་རྒྱ་ཟེར་བ་ཡང་སྔར་ནས་ཤི་མིང་དུ་གྱུར་ཟིན། མཐའ་ན་བོད་ཀྱི་ཐུན་མི་རང་གཤིས་ཀྱང་སྔར་ནས་གཏམ་བརྒྱད་ཀྱི་རླུང་ལ་བསྐུར་ཟིན།

བོད་ཀྱི་ཁྱད་ཆོས་ལྡན་པའི་དོན་མཐོང་དཀའ་བས་བོད་སྐད་ཡིག་ནི་གོ་ཁྲབ་མེད་པའི་དམག་མི་གཡུ་རུ་སླེབས་པ་དང་ཀུན་ནས་མཚུངས།

བོད་མི་ཡོངས་ཀྱིས་རྩ་བ་དོར་ནས་ཡལ་ག་འཛིན་པའི་དུས་འདི་ལ། སྤྱོད་མཁན་མེད་པའི་སྐད་ཡིག་གི་ཁ་བར་ཤ་རེ་ཚ། ལག་ནང་ཁ་བར་མེད་པའི་བོད་ཀྱི་རྒན་པོར་དེ་ལས་སྙིང་རེ་རྗེ།

སྐད་ཡིག་དང་མི་རིགས་ནི་རྒན་པོས་ཁ་བར་བསྟན་དགོས་པ་བཞིན་གཅིག་ལ་གཅིག་བསྟན་གྱི་འབྲེལ་བ་ཡིན་ལ་སྐད་ཡིག་ནི་མི་རིགས་རིག་གནས་ཀྱི་ཕྲིང་ལྡོག་བསྟན་སའི་སྐུད་པ་ལོས་ཡིན།

ད་ལྟ་ཁྱེད་ཤི་མིང་དུ་མ་གྱུར་བས་རྒྱལ་བའི་གསུང་རབ་ང་ཚོ་གསར་སྐྱེས་ཀྱི་གཞོན་ནུས་མཐོང་རྒྱུ་ཡོད་པ་བྱུང་ལ་འདས་ཟིན་པའི་ལོ་རྒྱུས་རིང་མོའི་མེ་ཏོག་ཀྱང་ང་ཚོའི་མིག་ལམ་དུ་བཞད།

མཁས་མཆོག་ཐོན་མི་ཁྱེད་ཀྱི་བློ་ནི་བློ་གྲོས་ཀྱི་དངས་མ་ཡིན་ལ་གསར་གཏོད་ཀྱི་ཉིང་བཅུད་ཀྱང་ལྡན།

ཆོས་རྒྱལ་མེས་དབོན་རྣམ་གསུམ་ཁྱེད་རྣམས་པས་ཐབས་ཤིས་ཟུང་འབྲིལ་གྱི་སྒོ་ནས་སྐད་ཡིག་འདི་སྔར་ལས་དར་རྒྱས་གཏོང་བས་བོད་རིགས་ཀྱིས་ཕྱག་འཚལ་སའི་གནས་ཡིན།

ཡིན་ཡང་དེང་གི་སྤྱི་ཚོགས་ཀྱི་འགྲོས་དང་གཤིག་པས་བོད་མི་ཕལ་མོ་ཆེ་ཡིས་ཁྱེད་རྣམས་པའི་མཛད་རྗེས་ཧ་མི་གོ་ལ་མཐའ་ན་མཚན་ཡང་མི་ཤེས།

བདག་གིས་ཁྱེད་རྣམས་པས་མཛད་རྗེས་གཞན་ལ་བཤད་བཞིན་ཡོད་ལ་ངོམ་བཞིན་ཡོད།

ཡིན་ཡང་དེ་སང་ངས་ཁྱེད་རྣམས་པའི་མཛད་རྗེས་ཐུང་ངུ་མ་ཏོགས་དྲན་མི་ཐུབ། ཁྱེད་རྣམ་པའི་ལོ་རྒྱུས་ཀྱང་གསལ་པོ་རྟོགས་མི་ཐུབ་ལ་ཁྱེད་རྣམས་པའི་ངོ་གདོང་ཡང་གསལ་པོ་མཐོང་མི་ཐུབ་འདི་ནི་རྒྱུ་རྐྱེན་གང་གི་ཡིན་པ་ངས་ཧ་གོ་མ་སོང་།

ང་རང་ནི་ཁ་བ་གངས་ཅན་ལྗོངས་ནས་སྐྱེས་ལ་ཚར་ལོངས་བྱུང་བས་ང་རང་དགའ་ས་དང་སྐྱོ་ས་འང་གནས་འདིར་ཡིན། ཆུང་བྱིས་པ་ནས་ད་བར་ལ་ངས་ཧ་གོ་བའི་དོན་ཞིག་སྟེ་མི་རིགས་དང་སྐད་ཡིག་ཁྱུང་ཆེན་གཤོག་དང་བགྲོད་པ་བཞིན། གཟུགས་དང་གཟུགས་བརྙན་བགྲོད་པ་བཞིན། ཉ་མོ་ཆུ་ལ་གནས་བཞིནདུས་ནམ་ཡང་བྲལ་ཐབས་མེད་པ་ཞིག

ང་དངོས་ཁམས་དང་རྫས་འགྱུར་ཡ་མཚན་གྱི་ཚན་རིག་ལ་དགའ་ཞིང་རྒྱ་ཡིག་དང་དབྱིན་ཡིག་སོགས་སྤྱོད་མཁན་མང་བའི་སྐད་ཡིག་ལ་དུང་ནམ་ཡང་ངས་བོད་སྐད་སྦྱངས་རྒྱུའི་འདུ་ཤིས་སེམས་ནས་ཡལ་མྱོང་མེད།

ངའི་ཕུགས་འདུན་ནི་བོད་སྐད་ཡིག་གི་ལམ་ཕྲན་བཙལ་རྒྱུ་དེ་ཡིན་པས་དུས་ནམ་ཡང་འཚོལ་རྒྱུ་ནི་ང་གསོན་པའི་རྒྱུ་མཚན་ནོ།

སྤྱི་ལོ་༢༠༢༠ལོ་ཟླ་༣པའི་ཚེས་༡ཉིན་བསྟན་འཛིན་གྱིས་བྲིས་པའོ།།