ཁམས་དཀར་མཛེས་ཕྱོགས་སུ་ཐེངས་གསུམ་པར་བསྐྱོད་པ།
ཐེངས་དང་པོར་རྒྱལ་མོ་རྔུལ་ཆུའི་ཆུ་རྒྱུན་བརྒྱུད་ནས་རྔ་ཁུལ་གྱི་ཆུ་ཆེན་རྫོང་དང་། དཀར་མཛེས་ཁུལ་ཀྱི་རོང་བྲག་དང་དར་མདོ། ལྕགས་ཟམ་ཁ་སོགས་རྫོང་ཁག་བཞིའི་ཡུལ་སྲོལ་དང་རིག་གནས།ལྗོངས་ཁམས་སོགས་ལ་ལྟ་རེག་མྱོང་གསུམ་གྱི་སྟེང་ནས་རྒྱུས་ལོན་ཅུང་ཙམ་བྱས་རྗེས་མཐར་གཡག་རྔ་བརྒྱུད་ནས་རྒྱ་ནག་ཁྲི་འདུ་རུ་བསྐྱོད།
ཐེངས་གཉིས་པ་དཀར་མཛེས་ཁུལ་གྱི་བྱང་ཁུལ་དུ་འབོད་པའི་རྫོང་ཁོག་འགའ་སྟེ། གསེར་རྟ་དང་ཧོར་བྲག་འགོ ། དཀར་མཛེས། སྡེ་དགེ། སེར་ཤུལ་སོགས་སུ་སོང་ནས་ས་དེའི་ལོ་རྒྱུས་དང་རིག་གནས། རང་བྱུང་ཁོར་ཡུག་གི་བཀོད་པ་སོགས་ལ་རང་གི་ནུས་པའི་ལྕོགས་ཚོད་ཀྱིས་རྒྱུས་ལོན་དང་ཞིབ་འཇུག་བྱས་པ་ཡིན། གྲུབ་འབྲས་སམ་མྱོང་ཚོར་ཀྱང་ལྟོས་བཅས་ཀྱི་ཡིད་ཚིམ་པ་ཞིག་ཐོབ་བྱུང་།
ཐེངས་གསུམ་པར་ཉག་ཆུ་བརྒྱད་ནས་ཉག་རོང་དང་ལི་ཐང་། ཉག་ཆུ་ཁ། ར་རྔ་ཁ། ལྷ་སྒང་། བ་སྨད། རྟའུ་སོགས་སུ་འགྲོ་བའི་འཆར་གཞི་སྔ་མོ་ནས་ཡོད་མོད། དུས་ཚོད་བཀོད་སྒྲིག་ཡག་པོ་ཞིག་མ་འཁྱོངས་བས་ལོ་གཉིས་ཙམ་ལ་འགྲོ་བའི་གོ་སྐབས་མ་བྱུང་། ད་ཐེངས་ཀྱང་བདག་ནི་རྒྱལ་སྟོན་(值班)ལས་རེས་པར་བཀོད་སྒྲིག་བྱས་ཡོད་མོད། རང་ཉིད་མ་སོང་བའི་སྔོན་ལ་བདག་གི་དགེ་གྲོགས་བཟང་བོ་བཀྲ་ཤིས་དོན་གྲུབ་དང་ཆོས་ཁོ་གཉིས་ང་རང་འགྲོ་འཆར་ཡོད་པའི་ཕྱོགས་སུ་སོང་སྟེ། སྐད་འཕྲིན་གྲོགས་ཚོམ་དུ་པར་རིས་དང་བརྙན་རིས་སྣ་ཚོགས་བསྐུར་བཞིན་པ་མཐོང་རྗེས་འགྲོ་འདོད་ཀྱི་འདུན་པ་དྲག་པོ་མེ་ལྕེ་འབར་འབར་བྱས་བྱུང་། དེ་ན་ཡུལ་དེར་འགྲོ་དགོས་ཚེ་ལས་རེས་པའི་ལས་ཀ་ངེས་པར་ཏུ་མི་གཞན་ཞིག་ལ་བཅོལ་དགོས་པས་བསམ་བློ་ཡང་ཡང་བཏང་རྗེས་རྒྱལ་སྟོན་གྱི་ངལ་གསོའི་དུས་ཚོད་འདིར་གནས་གང་ལའང་མི་འགྲོ་བའི་སློབ་གཙོ་གཞོན་པ་ཞིག་ལ་བཅོལ་ནས་འགྲོ་ཐག་བཅད་དེ་ཆུང་་མ་དང་བུ་མོ་ཁྲིད་ནས་ངེད་ཁྱིམ་མི་གསུམ་པོ་ལམ་ལ་ཆས་པ་ཡིན།
ལམ་ལ་བུད་དུས་ཕྱི་དྲོའི་དུས་ཚོད་གསུམ་པར་སླེབས་འདུག བྲག་འགོ་སོགས་ལ་ཐེངས་མང་འགྲོ་མྱོང་བས་ཐད་དཀར་དཀར་མཛེས་རྫོང་གི་ཕྱོགས་སུ་བསྙེག བསྟུན་མར་དུས་ཚོད་བཞི་ཙམ་ལ་རླངས་འཁོར་ལ་ཁ་ལོ་བསྒྱུར་མཐར་དཀར་མཛེས་ལ་འབྱོར། ས་དེ་ནས་ནུབ་ཇ་སྟབས་བདེ་ཞིག་བཏུང་རྗེས་མགྲོན་ཁང་བཙལ་རྗེས་ངལ་གསོ་བྱས། ཉལ་ཞོར་དུ་གྲོག་ཚང་(蚂蜂窝)ཞེས་པའི་ཡུལ་སྐོར་སྣེ་སྟོན་གྱི་མཉེན་ཆས་ལས་དཀར་མཛེས་དབུས་ཁུལ་ཀྱི་རྫོང་ཁག་དེ་དག་ལ་རྒྱུས་ལོན་རགས་ཙམ་བྱས་པ་དང་ལམ་ཐིག་ས་ཁྲ་སྟབས་བདེ་ཞིག་ཀྱང་བྲིས།

ཁམས་དབུས་ཁུལ་གྱི་ས་ཁྲ།

དཀར་མཛེས་གླིང་གེ་སར་རྒྱལ་པོའི་མཁར་རྫོང་ལོ་ངོ་གཉིས་ཀྱི་སྔ་རོལ་ཏུ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ལ་ཁེལ་བས་མཇལ་མ་ཐུབ་མོད། ད་ལོ་དངོས་སུ་ལེགས་འགྲུབ་བྱུང་བའི་སྐོར་དེ་སྔོན་དྲྭ་ལམ་ཁག་སོ་སོ་ནས་བསྒྲགས་པ་མཐོང་བས་སྔ་མོ་དུས་ཚོད་བརྒྱད་ཀྱི་སྟེང་ནས་ཡར་ལ་ལངས་ནས་གླིང་གེ་སར་རྒྱལ་པོའི་མཁར་རྫོང་ལ་མཇལ་བར་སོང་།

ཕོ་བྲང་སེང་འབྲུག་སྟག་རྩེ།

གླིང་སེང་ཆེན་ནོར་བུ་དགྲ་འདུལ།

གླིང་གི་དཔའ་རྟུལ་ཕུ་ནུ།