ཁམས་པའི་བུ་རྒོད། ཉག་སྐེད་མགོན་པོ་རྣམ་རྒྱལ།

སྤྱི་ལོ་1799ལོར། བོད་དུ་ཆབ་མདོ་མན་ཆད་དང་རྒྱལ་མོ་ཚ་བ་རོང་ཡན་ཆད་མངའ་དབང་བསྒྱུར་མཁན་ཞིག་སྐྱེས། ཁོང་གི་མཚན་ལ་ཉག་སྐེད་མགོན་པོ་རྣམ་རྒྱལ་ཟེར་པ་དང་གཞོན་པའི་དུས་སུ་གཡུལ་དངོས་ནས་མིག་ཡ་གཅིག་ལ་རྨས་སྐྱོན་ཤོར་ནས་བུ་ལོང་མ་ཞེས་པའི་ཟུར་ཟའི་མིང་ཡང་ཐོགས། ཉག་རོང་རྫོང་ལོ་རྔ་ཡུལ་ཤོག་གི་མི་ཡིན་ལ། (ཇ་བཟི་ནས་ཡིན་ཞེས་ཀྱང་བྲིས་པ་འདུག) ཆུང་དུས་ནས་བྱིས་པ་གཞན་དང་མི་འདྲ་བའི་གཤིས་རྒྱུད་གྱོང་པོ་ཡོད་ཅིང་། ངོ་མདོག་དམར་ནག་ཅན་དང་གཟུགས་སྟོབས་ཆེ་བ། ཀུན་སྤྱོད་མི་ཕལ་བ་དང་འདྲ་ཡང་། དགྲ་བོའི་ཐོག་ཏུ་སྙིང་རྗེ་སྤུ་ཙམ་ཡང་མེད་པར། གཡུལ་ལ་ཞུགས་པའི་སྐབས་སུ་མིག་གིས་མཐོང་ཚད་གསོད་དགོས་ཟེར་མཁན་ཞིག་ཡིན་པར་བརྗོད། མགོན་པོ་རྣམ་རྒྱལ་སྐྱེས་ནས་ཡུན་མ་འགོར་པར་ཕ་ཡིས་ཁྱེར་ནས་ཀ་ཐོག་དྲི་མེད་ཞིང་སྐྱོང་རིག་འཛིན་འཇིགས་མེད་མགོན་པོ་དང་མཇལ། མིང་མགོན་པོ་རྣམ་རྒྱལ་བཏགས། གཏེར་སྟོན་བཟང་པོ་རྡོ་རྗེ་དང་ཁྲོ་ཟུར་སྐལ་བཟང་ལྡེའུ་བཙན་གཉིས་ཀྱིས་བདུད་ཀྱི་སྤྲུལ་པ་རེད་གསུངས། ཁྲོམ་གྲུབ་ཐོབ་དང་ཉག་བླ་པདྨ་བདུད་འདུལ་གཉིས་ཀྱིས་མགོན་པོ་ཚོགས་ཀྱི་བདག་པོའི་སྤྲུལ་པ་ཡིན་ཞེས་གསུངས། ཁོང་གིས་མངའ་དབང་དུ་བསྡུས་པའི་ས་ཆ་དེ་དག་ཏུ། སྔར་གྱི་དཔོན་པོ་རྣམས་གོ་ས་ཕབ་ནས། འགོ་དཔོན་གསར་པ་བསྐོས་པ་དང་། ཕྱུག་པོའི་བུ་རྒྱུད་དབུལ་པོའི་བུ་རྒྱུད་དང་གཉེན་སྒྲིག་བྱེད་དུ་བཅུག་པ། ཉམ་ཆུང་ལ་དེ་བས་ལྟ་སྐྱོང་བྱས།
ཐོག་མར་ཇ་བཟི་མཁར་ཆ་ཕོ་བྲང་དུ་ཆགས་ཡོད་ལ། རྗེས་སུ་ད་ལྟའི་ཉག་རོང་རྫོང་ལོ་རྔ་ཡུལ་ཤོག་ཏུ་སྤང་རི་སྟག་མོ་མཁར་ཞེས་པའི་ཕོ་བྲང་ཤིན་ཏུ་རྒྱ་ཆེན་པོ་ཞིག་བསྐྲུན། ཐོག་མར་ཉག་རོང་རྫོང་ཡོངས་དབང་དུ་བསྡུས། དེ་ནས་རིམ་གྱིས་ཞི་དྲག་གཉིས་ཀྱི་ཐབས་ལམ་ནས་ཆབ་མདོ་མན་ཆད་དང་རྒྱལ་མོ་ཚ་བ་རོང་ཡན་ཆད་དབང་དུ་བསྡུས་ཤིང་། དེ་དུས་སུ་ཉག་ཁྲི་སྡེ་བརྒྱད་ཅེས་པའི་མིང་བྱུང་བ་དང་ཉག་ཁྲི་སྡེ་བརྒྱད་ནི་ཧོར་སེར་ཁག་ལྔ་དང་སྟོང་སྐོར་གླིང་ཚང་དང་སྡེ་དགེ ལྷ་ཐོག དིམ་ཆི་ཉེར་ལྔ། མགོ་ལོག ལི་ཐང་། འབའ། ཕྱག་ཕྲེང་། རྒྱལ་ཐང་། མི་ཉག་མགར་ཐར། ལྕགས་ལ། དགེ་གཤིས། ཁྲོ་སྐྱབས། དམ་པ། ནག་དྲག་ཤོག་གསུམ་བཅས་ཡིན་ཞེས་ཡིག་ཚང་ལ་ལའི་ནང་དུ་བཀོད་ཡོད།

སྔར་རྗེས་སུ་ཆིང་དམག་ལ་ངོ་རྒོལ་ཐེངས་འགའ་བྱས། ཁོང་གིས་རྟག་པར་སྡེ་པ་གཞུང་མི་ཟེར་བར། ལྕི་འབུ་སེར་དྲེའི་ཉ་གུག་མ་ཞེས་བརྗོད་པ་དང་། སངས་རྒྱས་ལའང་ཨ་ལུ་བསམ་མེད་ཅེས་བརྗོད། ད་དུང་རྒྱ་གར་རྒྱལ་པོ་མི་རེད། རྒྱ་ནག་རྒྱལ་པོ་མི་རེད། ང་ཉག་སྐེད་དཔོན་ཡང་མི་ཡིན་ཟེར་བ་དང་། ཀརྨ་འབུམ་ཟེར་བ་དེས་ཀྲོང་ཐང་གི་བཀའ་ཡིག་མགོན་པོ་རྣམ་རྒྱལ་ལ་བསྒྲགས་སྐབས། མགོན་པོ་རྣམ་རྒྱལ་གྱིས། ཕེ། རྒྱ་ཡི་ཐོབ་ཐང་ང་ལ་མི་དགོས། བོད་ཀྱི་ཐོབ་ཐང་ང་ལ་མི་དགོས། སོག་ཞྭ་མགོ་ལ་མི་གྱོན། བྱ་སྤུ་ཞྭ་ལ་མི་བཙུགས། ཁྱོད་རང་ལ་མཁོ་ན་སྦྱིན། མི་མཁོ་ན་ཆུ་ནང་འཕོངས་ཤིག་ཟེར། རྒྱ་བོད་ཚང་མས་མ་ཐུབ་པས་གྲགས་པ་ཕྱོགས་བཞིར་ཁྱབ། ང་རྒྱལ་ཤིན་ཏུ་ཆེན་པོ་བསྐྱེད། མགོ་ཐོག་ཏུ་བྱ་འཕུར་མི་ཆོག་ཅིང་། སྤང་རི་སྟག་མོ་མཁར་གྱི་ཕྱོགས་བཞིའི་རི་མགོར་བྱ་སྲུང་མཁན་སྡོད་སའི་ཁང་པ་བཟོས། བླ་ཆེན་རབ་ཏུ་མང་པོ་ཉག་རོང་དུ་ཁྲིད་ནས་ལ་ལ་བཙོན་བཟུང་དང་ལ་ལ་བུན་གཏའ་བྱས། སྡེ་དགེའི་དཔོན་བློན་ཐབས་ཅད་ཉག་རོང་དུ་ཁྲིད། ལྷ་སྲས་དང་དཔལ་སྤུངས་དབོན་སྤྲུལ། ས་སྐྱ་གོང་མ། ཀ་ཐོག་དྲི་མེད་ཞིང་སྐྱོང་། དགེ་རྩེ་སྤྲུལ་སྐུ། རྫོགས་ཆེན་དཔོན་སློབ་སོགས་ཉག་རོང་གི་དགོན་པ་རེ་རེའི་ནང་དུ་བཞག རྫོགས་སྤྲུལ་རིན་པོ་ཆེ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། ཉག་བླ་པདྨ་བདུད་འདུལ་གསུམ་ལ་རང་ཉིད་དམྱལ་བར་མི་གཏོང་བའི་མནའ་སྐྱེལ་བཅུག ད་དུང་མདའ་འཕེན་མི་ཤེས་གྲྭ་པ་བཟོ། ཐག་འཐག་མི་ཤེས་ཇོ་མོ་བཟོ་ཟེར་ནས་ཟུར་ཟ་བྱས། ལྷ་སར་ཇོ་བོ་མཇལ་འགྲོ་དགོས་ན་ས་ཐག་རིང་བ་དང་འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་ཀྱིས་མི་སེར་ལ་ངལ་དུབ་སྟེར་བར་འདོད་ནས། ལྷ་སའི་ཇོ་བོ་མར་ཉག་རོང་དུ་ཁྱེར་རྒྱུ་ཡིན་ཞེས་པ་དང་། ཇོ་ཁང་རྟ་ཁང་བཟོ། རྡོ་རིང་ལ་རྟ་བཏགས་རྒྱུ་ཡིན་ཞེས་ཁ་ཕོ་ཆེན་པོ་བཤད། སྡེ་པ་གཞུང་གིས་མོ་བཏབ། རྩིས་ཕབ། ཆོས་སྐྱོང་ལ་ལུང་བསྟན་ཞུས། སེར་འབྲས་དགེ་གསུམ་ལ་མཐུ་བཏོན་བཅུག བོད་དབུས་གཙང་སོགས་ཕྱོགས་ཡོངས་ནས་དམག་བསྡུས། བོད་དམག་ཤིང་བྱ་ལོར་སྡེ་དགེ་ལ་འབྱོར། མདོ་ཁམས་སྨད་ཐམས་ཅད་འུར་ཟིང་དུ་གྱུར། མཐར་སྡེ་པ་གཞུང་གིས་མནའ་བཟས་ནས་ཉག་སྐེད་ཚང་མེད་པར་བཏང་བ་རེད།