སེམས་ཀྱི་བརྩེ་བ་མ་ཡུམ་སློབ་གྲྭར་ཕུལ།

སྤྲོ་བས་བལྟས་ཏེ་གླིང་བཞི་བསྐོར་ནས་འགྲོ།

གུས་པའི་དགེ་རྒན། བརྩེ་བའི་སློབ་གྲོགས།

བཀའ་དྲིན་སེམས་ལ་ཉར་ནས།

རྒྱང་རིང་ཡུལ་ལ་འཕུར་འགྲོ།

དབྱར་དགུན་རེས་སུ་འཁོར་བས། ལོ་ཟླ་དུས་བཞིན་ཡལ་སོང་།

སློབ་བུ་ཚོའི་མཛེས་པའི་འཛུམ་མདངས་ཏག་ཏག་ཁ་སང་མཐོང་བར་སྣང་ཡང་། བྲེལ་འཚུབ་གྱི་དུས་ཚོད་བར་ནས་དེ་རིང་གི་མཐར་ཕྱིན་ཉིན་མོ་བསུ་དགོས་བྱུང་སོང་།

༢༠༡༨ལོའི་ཟླ༦ཚེས༡༩ཉིན་གྱི་ཕྱི་དྲོར། རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གིས་རིག་རྩལ་ཚོམས་ཆེན་མདུན་ནས༢༠༡༨ལོའི་དམའ་གསུམ་མཐར་ཕྱིན་མཛད་སྒོ་གཟབ་རྒྱས་ངང་བསྡུས། རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་འོད་ཟེར་དང་། སློབ་གྲྭའི་ཧྲུའུ་ཅི་ལེན་ཡེན་ཧྲན། སློབ་གཙོ་ཚེ་དཔག་སྐྱབས། སློབ་གཙོ་གཞོན་པ་བློ་བཟང་བཀྲ་ཤིས་དང་མགར་འཇམ་དབྱངས་རྒྱ་མཚོ། སྐལ་བཟང་འཕྲིན་ལས་སོགས་འགན་འཛིན་མི་སྣ་ཁག་དང་མཐར་ཕྱིན་འཛིན་གྲྭའི་དགེ་སློབ་ཡོངས་མཛད་སྒོར་ཞུགས་ཤིང་། སློབ་མའི་ལྷན་ཚོགས་ཀྱི་ཚོགས་གཙོ་འཕགས་པ་ཚེ་རིང་གིས་མཛད་སྒོའི་མདོ་འཛིན་བྱས།

སློབ་གཙོ་ཚེ་དཔག་སྐྱབས་ཀྱིས་མཐར་ཕྱིན་སློབ་མ་རྣམས་ལ་མཐར་ཕྱིན་དཔང་ཡིག་གནང་ཞིང་། དམའ་གསུམ་དགེ་རྒན་རྣམས་ནས་སློབ་མ་ཚོར་མཐར་ཕྱིན་ལེགས་སྐྱེས་གནང་།

སློབ་བུ་ཚོའི་བརྩོན་པའི་ས་བོན་ལས་དེ་རིང་གི་གཡུར་དུ་ཟ་བའི་འབྲས་བུ་དེ་བྱུང་ཞིང་། སློབ་གྲྭའི་མགོ་འདྲེན་རྣམས་ནས་ཁོ་ཚོར་མཐར་ཕྱིན་དཔང་ཡིག་གནང་སྟེ། མི་ཚེའི་འགག་སྒོ་ཐོག་མ་བདེ་ལེགས་ངང་བགྲོད་པར་རྟེན་འབྲེལ་ཞུས། མཐར་ཕྱིན་ཁའི་བརྩེ་བའི་ཕྱུག་པའི་གདམ་ངག་རེ་རེ་དང་དྲོད་ཀྱིས་ཕྱུག་པའི་པང་འཁྱུད་རེ་རེའང་ཁོ་ཚོའི་མི་ཚེའི་ཁྲོད་ཡལ་དུ་མེད་པའི་གཏམ་རྒྱུད་ཅིག་ཡིན་སྲིད།

ལོ་རིམ་སྡེ་ཁག་གི་མགོ་གཙོ་རྒན་བཀྲ་ཤིས་ཀྱིས་མཐར་ཕྱིན་འཛིན་གྲྭའི་དགེ་རྒན་ཡོངས་ཀྱི་ཚབ་བྱས་ནས་སློབ་མ་ཚོར་ལྷག་བསམ་ཟོལ་མེད་ཀྱིས་ཤིས་ཚིག་ཕུལ།

དམའ་གསུལ་མཐར་ཕྱིན་སློབ་མའི་སྐུ་ཚབ་ཚེ་རིང་སྒྲོལ་མ་དང་འོད་ཟེར་འཚོ་གཉིས་ཀྱིས་མ་ཡུམ་སློབ་གྲྭར་གྱེས་བྲལ་ཞུས་ཤིང་། དགེ་རྒན་རྣམས་པས་མི་ལོ་གསུམ་རིང་ལ་སློབ་གསོ་དང་སློབ་སྟོན་བྱས་པར་བཀའ་དྲིན་ཞུས་ནས། དགེ་རྒན་ཚོའི་ལྷག་བསམ་ཟོལ་མེད་ཀྱིས་བྱམས་སྐྱོང་གནང་བའི་དྲིན་ལན་མཚོན་པར་བྱས།

དེར་མཐུད་ནས། སློབ་གཙོ་གཞོན་པ་བློ་བཟང་བཀྲ་ཤིས་ཀྱིས་བརྩེ་སེམས་ཁོལ་བའི་ངང་ནས་མཐར་ཕྱིན་སློབ་མ་ཡོངས་ལ་ཟོལ་མེད་ཀྱི་སྨོན་འདུན་དང་སྐུལ་མ་གནང་བ་མ་ཟད། སློབ་བུ་ཚང་མའི་འབད་བརྩོན་གྱི་ཁ་ཕྱོགས་གསལ་ཞིང་ཕུགས་བསམ་གྱི་རེ་འབྲས་སྨིན་པའི་སྨོན་འདུན་ཡང་ཞུས།

མཐར་ཕྱིན་སློབ་མ་རྣམས་ཀྱིས་དགེ་རྒན་ཚོར་ཁ་བཏགས་ཕུལ་ནས་རྣམ་དག་གི་བརྩེ་སེམས་མཚོན་པར་བྱས།

མཐར་ཕྱིན་མཛད་སྒོའི་ཐོག་ཏུ། མཐར་ཕྱིན་སློབ་མའི་སྐུ་ཚབ་རྣམས་ནས་མ་ཡུམ་སློབ་གྲྭར་མེ་ཏོག་དང་ཁ་བཏགས་ཕུལ་ཞིང་། སློབ་བུ་རེ་རེའི་གདོང་གི་འཛུམ་མདངས་ལས་མ་ཡུམ་སློབ་གྲྭར་ཕུལ་བའི་རེ་བ་དང་སྨོན་འདུན་མངོན།

མཇུག་མཐར། སློབ་མ་ཚོས་སློབ་གླུ་མཉམ་ལེན་བྱེད་བཞིན་མ་ཡུམ་སློབ་གྲྭ་དང་འགོ་ཁྲིད། དགེ་རྒན་རྣམས་ལ་ཁ་བཏགས་ཕུལ་ལ། དགེ་སློབ་རྣམས་ཀྱི་ཕྱིར་དྲན་གྱི་འདྲ་པར་དང་ཟོལ་མེད་གྱི་སྨོན་འདུན་དག་ཀྱང་འགྲོས་མཉམ་པའི་གདངས་དབྱངས་དེའི་ཁྲོད་དུ་སིམ་སོང་།

དགེ་རྒན་རྣམས་ཀྱིས་བོད་ལ་གྱོན་ནས་སློབ་གྲྭའི་སྒོ་ཆེན་བར་གྱི་ལམ་འགྲམ་གཉིས་སུ་གྲལ་བསྒྲིགས་ནས་སློབ་བུ་ཚོ་སྐྱེལ་མ་བྱས།

ད་ལྟའི་འབྲལ་དཀའ་བའི་སེམས་ཁམས་ཀྱིས་ཁྱེད་ཚོའི་མ་འོངས་པའི་མདུན་སྐྱོད་ཀྱི་གོམ་སྟབས་འགོག་ག་ལ་ནུས། སྐབས་འདིར། རྨ་བོད་སློབ་འབྲིང་ནི་ཁྱེད་ཚོའི་འགྲུལ་བཞུད་ཀྱི་འགོ་ཚུགས་ས་ཡིན་ནོ། །

འཛིན་བདག་རྣམས་ཀྱིས་ཡང་བསྐྱར་སློབ་བུ་ཚོར་བསླབ་བྱ་དང་སྨོན་འདུན་ཞུས་ཏེ། འབྲལ་བར་དཀའ་བའི་སེམས་འགྱུ་དག་སྐད་ཆའི་ཕྲེང་བར་བརྒྱུས་ཤིང་། སློབ་བུ་ཚོའི་མིག་མཐའི་དྭངས་གཙང་གི་མཆི་མས་དགེ་རྒན་རྣམས་ལ་བཅངས་བའི་གུས་འདུད་ཟབ་མོ་མཚོན།

མཐར་ཕྱིན་སློབ་མ་ཚོས་མ་ཡུམ་སློབ་གྲྭར་འཁོར་བའི་ཞེན་ཆགས་དང་བཀའ་དྲིན། དགེ་རྒན་ཚོའི་མཛེས་པའི་རེ་སྨོན་ཁུར་ནས་མི་ལོ་གསུམ་གྱི་གནས་མལ་དང་ཁ་གྱེས་མོད། མཛེས་སྡུག་གི་སྐད་ཅིག་མ་དག་ནི་ནམ་ཡང་དྲན་པའི་ཡོལ་གོར་འཆར་སྲིད་དོ། །

མཐར་ཕྱིན་ནི། མི་སེམས་སྒུལ་བའི་གྱེས་བྲལ་གྱི་གཞས་དབྱངས་ཤིག་ཡིན་ལ། སློབ་བུ་ཚོ་འཚར་ལོངས་བྱུང་བའི་ལམ་ཚད་རྡོ་རིང་ཞིག་ཀྱང་ཡིན། མཐར་ཕྱིན་གྱི་ཉིན་མོ་ནི། གྱེས་བྲལ་གྱི་ཉིན་མོ་ཡིན་ལ། བརྩེ་སེམས་དང་བཀྲ་ཤིས་ཀྱིས་ཕྱུག་པའི་ཉིན་མོའང་ཡིན། མཐར་ཕྱིན་མཛད་སྒོ་ནི་སློབ་གཙོའི་ཤ་ཚའི་རེ་སྐུལ་ཁྲོད་ནས་མཇུག་རྫོགས་ཤིང་། ཕངས་སེམས་དང་དགའ་སྤྲོ། རེ་བ་དང་སྨོན་འདུན་ཡོད་ཚད་སྐད་ཅིག་མ་འདིའི་ཁྲོད་དུ་བཅུག མཐར་རྨ་བོད་སློབ་འབྲིང་གི་གཅེས་པའི་སློབ་བུ་ཚོས་རེ་བ་དང་སྨོན་འདུན་བཏེགས་ནས། ཕུགས་བསམ་གྱི་ནམ་འཕང་བསྟད་དེ། མི་ཚེའི་ལེའུ་གསར་བ་ཞིག་གི་དབུ་རྩོམ་པར་སྨོན།

རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི༢༠༡༨ལོའི་དམའ་གསུམ་མཐར་ཕྱིན་མཛད་སྒོ་རེ་བ་དང་སྨོན་འདུན་ཁྲོད་ནས་མཇུག་བསྡུས།

སློབ་བུ་ཚོས་མ་ཡུམ་སློབ་གྲྭར་གུས་འདུད་ཞུ་བཞིན་པ།

རྨ་བོད་སློབ་འབྲིང་གི་སྐབས་སོ་ལྔ་བའི་མཐར་ཕྱིན་སློབ་མའི་བརྩམས་ཆོས་ཕྱོགས་སྒྲིག