སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་རྩལ་པོ་ཆེའི་རྟགས་མ་ཞེས་པའི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་བྱེད་སྒོ་སྤེལ།

2018ལོའི་ཟླ 5 ཚེས 10 ཉིན་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་རྩལ་པོ་ཆེའི་རྟགས་མ་ཞེས་པའི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་དངོས་གཞིའི་མཛད་སྒོ་དེ་སློབ་གྲྭའི་རྩལ་ཐང་འོག་མ་ནས་གཟབ་རྒྱས་ངང་སྤེལ་མགོ་བརྩམས་ཤིང་། མཛད་སྒོ་དེར་བཀྲ་ཤིས་ལྷ་བསང་དཀར་པོ་ནམ་མཁར་ཁྱབ་པའི་དུད་སྤྲིན་གྱིས་སྣ་དྲངས་ཤིང་། བསང་འབོད་དང་ཀི་སྒྲའི་ཁྲོད་ནས། བ་དན་དང་རླུང་རྟའི་གསེབ་ནས། ལྟད་མོ་བའི་ཁྲོམ་ཚོགས་ཀྱིས་མཐའ་ནས་བསྐོར་བའི་དབུས་ནས། འཛིན་གྲྭ་སོ་སོའི་སྐུ་ཚབ་འགྲན་ཞུགས་པ་རྣམས་ཚོ་ཁག་རེ་རེ་བཞིན་རྩལ་ཐང་དུ་གཤར་ནས་རུ་དཔུང་བསྒྲིགས།

དེ་ནས་གླུ་པ་གླུ་མ་བཞིའི་སྐད་གདངས་སྙན་པའི་འགྱུར་ཁུག་གི་ལྡེམ་དབྱངས་དང་ལྷན་ཅིག་ཚོགས་ར་ཡོངས་རྫོགས་ཡར་ལངས་ནས་མཉམ་དུ་སློབ་གླུ་བླངས་ཤིང་། མུ་མཐུད་དུ་སློབ་མ་ཁང་གི་སྐུ་ཚབ་པས་ལུས་རྩལ་མཛད་སྒོ་དང་ལུས་རྩལ་རྣམ་གྲངས་ངོ་སྤྲོད་བྱས། དེ་ནས་ཤན་འབྱེད་པའི་སྐུ་ཚབ་དང་འགྲན་ཞུགས་པའི་སྐུ་ཚབ་ཀྱིས་དམ་བཅའ་བཞག་པ་དང་། སློབ་གཙོ་གཞོན་པ་བློ་བཟང་བསྟན་འཛིན་གྱིས་ཐེངས་འདིའི་ལུས་རྩལ་བྱེད་སྒོའི་ཐད་ལ་གསུང་བཤད་གལ་ཆེན་གནང་ཞིང་། སློབ་མ་ཚོའི་སྙན་ངག་གྱེར་འདོན་དང་རིག་རྩལ་འཁྲབ་སྟོན་བཅས་ཀྱིས་ལུས་རྩལ་འགྲན་ཚོགས་ཀྱི་བྱེད་སྒོ་དངོས་སུ་མགོ་བརྩམས། ཐེངས་འདིའི་བྱེད་སྒོ་ནི་ཚེས10ཉིན་ནས་བཟུང་ཉིན་འགའི་རིང་ལ་སྤེལ་ཡོད་པ་རེད།

དབུ་འཛུགས་མཛད་སྒོ་མཇུག་རྫོགས་པ་དང་ཆབས་ཅིག་འགྲན་སྡུར་དངོས་གཞི་མགོ་བཙུགས་ཏེ། ཐོག་མའི་འགྲན་བསྡུར་ལ་ལྗིད་འདེགས་སམ་བྱེ་སྒྱེ་འགྱོག་པའི་འགྲན་བསྡུར་ནས་མགོ་ཚུགས་པ་ཡིན་པས། དེ་ནས་ཉིན་འགའི་རིང་གི་སློབ་གསེང་གི་དུས་ཚོད་དུ། ཁ་མགྱོགས་ལག་མགྱོགས་ཚན་པ་དང་། རྡོ་འབེན་འཇོག་པ། འགྲིག་འདེད་པ། མདའ་འཕེན་པ། རིང་རྒྱུག་འགྲན་པ། ཐག་པ་འཐེན་པ་བཅས་ལུས་རྩལ་རྣམ་གྲངས་བདུན་ཙམ་གྱི་འགྲན་བསྡུར་ཚ་ཚ་འུར་འུར་ངང་སྤེལ་བ་རེད།

ལུས་རྩལ་རྣམ་གྲངས་འདི་རྣམས་ནི 2017 ལོའི་དགུན་གསེང་སྐབས་ཀྱི་སློབ་མའི་ལས་བྱ་སྟེ། དམངས་ཁྲོད་སྲོལ་རྒྱུན་གྱི་ལུས་རྩལ་འཚོལ་སྡུད་བྱ་རྒྱུ་བཞག་ཡོད་པ་ལས། སློབ་དུས་འདིར་སློབ་མ་ཁང་གིས་རྩིས་ལེན་དང་འདེམ་སྒྲུག་བྱས་ཏེ་ལུས་རྩལ་རྣམ་གྲངས་མི་འདྲ་བ་བརྒྱ་ཁར་ལོངས་པའི་ནང་ནས་བསལ་ཡོང་བ་ཡིན་ཞིང་། གནས་སྐབས་ང་ཚོའི་ཡུལ་དུས་རྒྱུ་རྐྱེན་སོགས་དང་མཐུན་པའི་སྒོ་ནས་འགྲན་ཚུལ་རྣམ་པ་དང་འགྲན་ཐབས་གོ་རིམ་སོགས་རྒྱུས་ལོན་དང་ཚད་ལྡན་དུ་བཏང་སྟེ། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་དམིགས་ཡུལ་ལྟར་བསྒྲུབས་པའི་སྔར་སྲོལ་གྱི་འཆར་ལྡན་བྱ་བའི་གོ་རིམ་ཞིག་ད་ལྟ་ལག་བསྟར་བྱེད་བཞིན་པའོ།།

༼གཉགས་ཆོས་ཉིད་རྡོ་རྗེས་བྲིས།༽

༼དཔའ་བུ་བསོད་སྟོབས་ཀྱིས་པར་བླངས། ༽

༼རྩོམ་སྒྲིག་པ། མགར་རྒྱལ་སྲས། ༽